སྲིད་འཛིན་ཧུའུ་ཅིན་ཐོ་མཆོག་དང་འབྲེལ་ཡོད་མགོ་ཁྲིད་རྣམ་པར་
རང་ཉིད་ཀྱི་དཀའ་ངལ་ངོ་མའི་ཁྲོད་ནས་རེ་འབོད་ཞུས་པ།
ང་རང་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོའི་ལྟེ་གནས་སྟེ།བོད་མི་ཀུན་གྱི་སེམས་ཁོང་གི་དག་པའི་ཞིང་དུ་གྱུར་བའི་དབུས་ཀྱི་གདན་ས་སེ་འབྲས་ཀྱི་སློབ་གཉེར་བ་ཧ་ཅང་དཀྱུས་མ་ཞིག་ཡིན་པ་དང༌།རང་གི་མཐོང་ཐོས་མྱོང་གསུམ་དུ་གྱུར་བའི་ད་ལྟའི་བོད་ཀྱི་དགོན་སྡེ་དག་གི་དཀའ་ངལ་ཁག་ཅིག་དྲང་བོའི་ལམ་ནས་ཞུ་་འདོད་བྱུང༌།དེ་ནི་རང་ཉིད་རྒྱལ་ཁབ་ཀྱི་སྤྱི་འབངས་ཞིག་དང་ཁྱེད་རྣམས་ནི་སྤྱི་འབངས་ཀྱི་ཆེད་དུ་ཕྱག་ལས་གནང་བའི་དབུ་ཁྲིད་ཡིན་པའི་རྒྱུ་མཚན་གྱིས་ཡིན།
གསུམ་བཅུ་བཞིའི་དོན་རྐྱེན་གྱི་འགན་འཁྲི་ཡོད་ཚད་ང་ཚོའི་ཡིན་ནམ།
དེ་ཡང་ད་ལོའི་ཟླ་གསུམ་པའི་ནང་ལྷ་ས་གཙོ་བྱས་ཏེ་བོད་ཀྱི་ས་ཁུལ་གང་སར་ཟིང་འཁྲུགས་ལངས་ཤིང་ཡིད་སྐྱོ་བའི་དོན་རྐྱེན་རབས་དང་རིམ་པས་ཟིང་འཁྲུགས་ལངས་མཁན་དང་ལངས་ཡུལ་ཚང་མར་རྒྱུ་ནོར་དང་ཚེ་སྲོག་གི་གྱོང་གུད་ཆེན་པོ་ཕོགའདི་ལྟ་བུའི་དོན་རྐྱེན་གྱི་འབྱུང་རྩ་ནི་གོང་རིམ་ནས་བཤད་པ་ལྟར་མཐའ་གཅིག་ཏུ་ཁ་བྲལ་རིང་ལུགས་པས་བཀོད་འདོམས་འོག་ནས་སྤེལ་བ་རེད་ཅེས་པ་ནི་ཧ་ཅང་ཆ་མི་ཚང་བ་ཞིག་ཏུ་སེམས།གང་ཡིན་ཟེར་ན་ལྟ་ཚུལ་དེ་ནི་ངན་ཁག་ཡོད་ཚད་ཨུ་ཚུགས་ཀྱིས་བོད་མི་རྣམས་ལ་དཀྲི་བའི་འགན་མ་ཁུར་བའི་བྱ་སྤྱོད་ཅིག་ཏུ་རྒྱལ་ནང་གི་ཤེས་ཡོན་ཅན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཡོངས་ཁྱབ་ཡིན་པ་དེ་རེད།ཁ་བྲལ་རིང་ལུགས་པས་དོན་དངོས་ཀྱིས་བོད་མི་དམངས་ཀྱི་གནས་བབ་ལ་སེམས་ཁུར་མི་བྱེད་པར་ཁོང་ཚོའི་ཁེ་ཕན་གྱི་ཆེད་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་མི་མང་ལ་བཀོད་འདོམས་བྱེད་ཆོག་ཆོག་ཅིག་དང་བོད་རིགས་མི་མང་ཡང་ཀྲུང་གུང་སྲིད་གཞུང་གིས་བཤད་པ་ལྟར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་དགའ་སྐྱིད་ཀྱི་འཚོ་བར་ཅི་མི་སྙམ་པར་ཐ་ན་རང་སྲོག་ཀྱང་འབེན་ལ་བཙུགས་ནས་འདི་ལྟར་ཁ་བྲལ་གྱི་བྱ་སྤྱོད་སྤེལ་ཆོག་ཆོག་ཅིག་ཅིའི་ཕྱིར་ཡོང་དགོས་པ་ཡིན་ནམ།མ་ཟད་ད་རེས་ཀྱི་ཟིང་འཁྲུགས་འདིའི་མགོ་འདྲེན་མཁན་ནི་ཏཱ་ལའི་བླ་མའི་སྐུལ་སློང་འོག་བོད་ནང་གི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གཙོས་པའི་གྲྭ་བ་རྣམས་ཡིན་པར་སྲིད་གཞུང་གིས་བཤད་ཀྱིན་འདུག་མོད།དོན་དངོས་ནི་དེ་ལས་ལྡོག་སྟེ་ང་ཚོའི་ཉིན་རེའི་འཚོ་བའི་ནང་མྱོང་བཞིན་པའི་ཕྱིའི་རྣམ་པ་འདྲ་ཆགས་པོ་དང༌།བཙན་སྐུལ།ཞེ་སྣང༌།འགོག་སྡོམ་སོགས་ཀྱི་མནར་གཅོད་ལས་གྲུབ་པའི་ཨུ་ཐུག་པའི་འབྲས་བུ་ཞིག་སྟེ།རང་དབང་གི་འབོད་སྒྲ་རེད།གདན་སར་རྒྱུན་རིང་འཚོ་བཞུགས་གནང་བའི་དཔེ་ཆ་བ་རྒན་རབས་རྣམས་དང་ལྷག་ཏུ་སློབ་གཉེར་བ་གྲྭ་མང་གི་བསམ་བློར།ཐེངས་འདིའི་ཁྲོམ་སྐོར་རམ་ཡང་ན་སྔར་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་དག་གི་རྒྱུ་རྐྱེན་ལ་ཕྱོགས་གཉིས་ནས་ལྟ་གི་ཡོད་དེ།
སློབ་གཉེར་བར་ཐུབ་ཚོད་དང་བཙན་གྱིས་ཕྱིར་འབུད་བཏང་བ།
གྲྭ་བ་ཞིག་ལ་མཚོན་ན་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་བྱེད་རྒྱུ་ནི་རང་གི་ཕུགས་འདུན་འཚོལ་བའི་ ཐབས་ལམ་ཉག་ཅིག་ཡིན་ཅིང༌།དེ་ཡང་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ནང་གསལ་བ་ལྟར་དུ་ང་ཚོར་མཚོན་ན་དུས་དེང་སང་ཡང་སློབ་གཉེར་ཀྱི་མཐུན་རྐྱེན་ཡག་ཤོས་ནི་གདན་ས་སེ་འབྲས་དགེ་གསུམ་ལྟ་བུས་མཚོན་སྲོལ་རྒྱུན་གྱི་སློབ་གསོའི་རྨང་ཟབ་བའི་དགོན་སྡེ་ཆེ་གྲས་ཁག་ཡིན་པ་རེད།འོན་ཀྱང་དེ་ལྟ་བུའི་དགོན་སྡེ་ཆེ་གྲས་རྣམས་སུ་སློབ་གཉེར་བྱེད་རྒྱུར་ཐག་ཉེ་རིང་གི་གྲྭ་བ་སུ་ཞིག་ཡིན་རུང་སྲིད་གཞུང་གི་ཚོད་བཀག་ཐེབས་ཡོད་པས་གོ་སྐབས་ཤིན་ཏུ་ཕྲ་ཞིང༌།དེར་ཡོད་སློབ་གཉེར་བ་ཉུང་ངུ་དེ་ཙམ་ལའང་བསྡད་ཆོག་མི་ཆོག་སྐོར་གྱི་བཀའ་ཁྱབ་གཏོང་བ་དང་ཐ་ན་ལས་བྱེད་ཡོང་ནས་ཉལ་ཆས་སོགས་གྲྭ་ཤག་ནས་ཕྱིར་བཏོན་སྟེ་དགོན་པར་བསྡད་མི་ཆོག་པའི་ལས་འགུལ་རབས་དང་རིམ་པ་སྤེལ་བའང་ཐེངས་གཅིག་ག་ལ་ཡིན།དཔེར་ན་དབུས་ཀྱི་གདན་ས་སེ་འབྲས་དགེ་གསུམ་དང༌།ཁམས་གསེར་རྟ་བླ་རུང་དགོན།ཨ་མདོའི་རྔ་བ་ཀིརྟི་དགོན་སོགས་སུ་གནས་ཚུལ་འདི་འདྲ་ཐེངས་མང་ལ་བྱུང་ཡོད་པ་རེད། དེ་དང་འདྲ་བར་སྲིད་གཞུང་གིས་ཆེད་ མངགས་བཏང་བའི་དགོན་པའི་མངགས་གཏོང་ཁང་གི་ལས་བྱེད་རྣམས་དུས་ངེས་མེད་དུ་གྲྭ་ཤག་སོ་སོར་ལྟ་ཞིབ་ལ་ཡོང་ཞིང༌།ཁོང་ཚོས་ཚོད་ཚོད་ལ་གྲྭ་བའི་སྡོད་ཁང་སྔོག་བཤེར་བྱེད་པ་མ་ཟད།སྟན་ཐོག་དང་ཐ་ན་ཉལ་ཆས་ཐོག་ཏུ་ཡང་ལྷམ་གོན་བཞིན་འགྲོ་འོང་བྱེད་པ་ལྟ་བུས་མཚོན་ང་ཚོར་སུན་གཙེར་དང་ཁྱད་གསོད་གང་མང་གཏོང་བཞིན་པ་རེད།
བླ་སློབ་ཀྱི་ཆོས་འབྲེལ་དང་བཙན་གྱིས་བླ་མར་ངོ་རྒོལ་བྱེད་བཅུག་པ།
འདི་འམ་འདི་དང་ཆ་འདྲ་བའི་ལས་དོན་གང་མང་ལས་གཞན་ཞིག་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བའི་ལས་འགུལ་ཟེར་བ་དེ་རེད།སྤྱིར་རྒྱལ་ཁབ་ཀྱི་སྤྱི་འབངས་ཞིག་དང་ཆོས་ལུགས་མི་སྣ་ཞིག་གི་ངོས་ནས་རྒྱལ་ཁབ་ལ་གཅེས་པ་དང་ཆོས་ལུགས་ལ་དགའ་བ་ནི་ཆེས་རྒྱུན་ལྡན་གྱི་འཚོ་བའི་གྲུབ་ཆ་ཞིག་ཡིན་མོད།སྲིད་གཞུང་གིས་ང་ཚོའི་དད་མོས་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཞོག་བརྩི་འཇོག་ཙམ་ཡང་མེད་པར་ཐད་ཀར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་བྱེད་དགོས་པའི་བཙན་བཀའ་བཏང་འོག་གྲྭ་མང་གི་སེམས་ཁམས་ཟང་ཟིང་བཟོས་ཤིང༌།དེ་ལས་ཀྱང་གྲྭ་བ་མི་ཉུང་བ་ཞིག་གིས་ངོ་རྒོལ་གྱི་ཡི་གེ་མ་བྲིས་སྟབས་དགོན་པ་ནས་ཕྱིར་ཕུད་བཏང་བ་ཐེངས་གང་མང་ལ་བྱུང༌།ཤུགས་རྐྱེན་དེ་ལྟ་བུས་ཆོས་དད་མང་ཚོགས་ཀྱི་སེམས་ངོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་བྱེད་ནི་བསམ་བཞིན་དུ་རང་ཅག་གི་དད་མོས་དང་སློབ་སྦྱོང་གི་གོ་སྐབས་ལ་གཏོར་བརླག་གཏོང་མཁན་ཞིག་ཏུ་མཐོང་གི་ཡོད།༧གོང་ས་ཏཱ་ལའི་བླ་མ་ནི་ཅི་ཞིག་ཡིན་ནམ།ཡང་ན་ཁོང་དང་ང་ཚོའི་འབྲེལ་བ་ནི་ཅི་ཞིག་ཡིན་ནམ།ཁོང་ནི་འཕགས་པ་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བའི་དགེ་སློང་ཞིག་སྟེ།སྐྱེ་བ་ནས་ཚེ་རབས་ཀུན་ཏུ་མིའི་རྣམ་པས་འགྲོ་བ་སེམས་ཅན་སྤྱི་དང་ལྷག་ཏུ་ཉམ་ཐག་པའི་བོད་མི་རྣམས་ཀྱི་དྭངས་གཙང་སེམས་པའི་གཏིང་དུ་ཤེས་རབ་དང་བྱམས་བརྩེ་ཡི་བདུད་རྩི་འཇོ་བར་བྱེད་པའི་རྒྱལ་བ་ཡིད་བཞིན་ནོར་བུ་རེད།རེད་ཡ་བོད་མིའི་ངག་རྒྱུན་ཁྲོད་དུ་ཡིད་བཞིན་ནོར་བུ་ཡོད་ཚེ་དེ་ལ་བརྟེན་ནས་རང་གི་རེ་འདོད་ཐམས་ཅད་ལྷུན་གྱིས་འགྲུབ་ཐུབ་པར་བཤད།ཁོང་ནི་དངོས་ནས་རྒྱལ་བ་ཡིད་བཞིན་ནོར་བུ་སྟེ།ཏཱ་ལའི་བླ་མ་རེད།སྲིད་གཞུང་གིས་ཅིའི་ཕྱིར་ཨུ་ཚུགས་དང་བཙན་ཤུགས་ཁོ་ནས་ང་ཚོར་༧གོང་ས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་དུ་བཅུག་པ་ཡིན་ནམ།ཅིའི་ཕྱིར་ང་ཚོའི་དད་མོས་ལ་འདི་ལྟར་རྡོག་རྫིས་གཏོང་དགོས་པ་ཡིན་ནམ།ཅིའི་ཕྱིར་ང་ཚོའི་ཆོས་སློབ་སྦྱོང་གི་མཐུན་རྐྱེན་ལ་དངོས་ཤུགས་གང་རུང་གིས་བར་ཆད་གཏོང་བ་ཡིན་ནམ།
རིག་གསར་སྔོན་གྱི་སེ་འབྲས་དགེ་གསུམ་གྱི་གནས་སྟངས།
ཉུང་མཐར་ཡང་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་དགོན་སྡེའི་སློབ་གསོ་ནི། བོད་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་ལྟེ་གནས་ཡིན་ཞིང༌།ཀྱག་ཀྱོག་གི་ལོ་རྒྱུས་རིང་མོ་བརྒྱུད་ད་ལྟའི་བར་མུ་མཐུད་དུ་གནས་ཡོད་ལ།དེ་ནི་དངོས་པོའི་དཔལ་ཡོན་ཐད་ཧ་ཅང་རྗེས་ལུས་ཡིན་པའི་མི་རིགས་འདིའི་སེམས་ཀྱི་ནོར་བུ་ལྟ་བུར་གྱུར་ཡོད།ལྷག་ཏུ་ཨ་མདོའི་ཡུལ་དུ་སྐུ་འཁྲུངས་ཤིང་བོད་དབུས་སུ་སློབ་གཉེར་ལ་ཕེབས་པའི་རྗེ་ཙོང་ཁ་བ་ཆེན་པོའི་ཤུགས་རྐྱེན་ལས་བོད་ཀྱི་ཆོས་ལུགས་དང་རིག་གནས་འཕེལ་རྒྱས་ལ་སྔར་མེད་ཀྱི་སྐུལ་འདེད་ཐེབས་ཤིང༌།རང་གི་དགེ་རྒན་ལ་དད་པ་དང༌།དགེ་རྒན་ལས་ཀྱང་བདེན་དོན་ལ་དད་པའི་ཁོང་གི་དཔྱོད་ཤེས་ཟབ་མོས་ལོ་ངོ་བདུན་བརྒྱ་ལྷག་གི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་རིན་ཐང་ལ་ཕྱིར་རྟོག་ཟབ་མོ་བགྱིས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་རྒྱ་གར་མཁས་པའི་ཟབ་གསུང་དཔང་ལ་བཞག་ནས་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་མྱོང་བ་ཁྱད་པར་ཅན་ཐོབ་པའི་བློ་བཟང་རྒྱལ་བའི་བསྟན་པ་ཞེས་རི་བོ་དགེ་ལུགས་པའི་གྲུབ་མཐའ་འདི་བྱུང་ཞིང༌།མཁས་པ་དང་གྲུབ་པའི་གོ་འཕང་བརྙེས་པའི་ཁོང་དང་ཁོང་གི་དངོས་སློབ་རྣམས་ཀྱིས་གདན་ས་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས་གསར་འདེབས་མཛད་ནས་བོད་ཀྱི་རིག་གནས་ལ་སྐུལ་འདེད་ཆེན་པོ་ཐེབས་པ་ནི།དུས་ད་ལྟ་ཡང་གདན་ས་སེ་འབྲས་དགེ་གསུམ་ཞེས་སྐད་གྲགས་ཆེ་བ་བོད་ཙམ་མ་ཡིན་པར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པ་བཞིན་ནོ།
དབུས་ཀྱི་གདན་ས་སེ་འབྲས་དགེ་གསུམ་འདི་བཞིན་བོད་ཀྱི་དགོན་སྡེའི་སློབ་གསོ་ལ་ཤུགས་རྐྱེན་ཆེ་བ་ནི་དབུས་གཙང་གི་ཕྱོགས་གཅིག་བུ་མ་ཡིན་ཏེ།དཔེར་ན།ཨ་མདོའི་ཕྱོགས་སུ་སྐད་གྲགས་ཆེ་བའི་དགོན་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་པ་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ མཆོག་ལྷ་སའི་འབྲས་སྤུངས་དགོན་དུ་སློབ་གཉེར་བ་གནང་བ་དང༌།དེ་བཞིན་ད་ལྟ་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་ཨ་མདོ་རྔ་བ་ཀིརྟི་དགོན་ཆེན་ཕྱག་འདེབས་པ་པོ་ཀིརྟི་སྐྱབས་མགོན་མཆོག་ཀྱང་འབྲས་སྤུངས་དགོན་དུ་སློབ་གཉེར་གནང་བ་དང༌།ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་རེབ་གོང་རོང་བོ་ དགོན་ཆེན་ཕྱག་བཏབ་པ་པོ་ཤར་སྐལ་ལྡན་རྒྱ་མཚོ་མཆོག་དབུས་ཀྱི་གདན་ས་ཆེན་པོ་དགའ་ལྡན་དགོན་དུ་སློབ་གཉེར་གནང་བ་སོགས་ཀྱིས་མཚོན་པའི།མདོར་ན་བོད་རིགས་འདུས་སྡོད་བྱེད་པའི་ས་གནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་གྲགས་ཅན་དང་བླ་མ་གྲགས་ཅན༌།མཁས་དབང་གྲགས་ཅན་ཕལ་ཆེ་བའི་སློབ་གཉེར་གནང་ས་གཙོ་བོ་ནི་གདན་ས་སེ་འབྲས་དགེ་གསུམ་འདི་ཆགས་ཡོད་ལ།ད་དུང་འདིར་སློབ་གཉེར་ལ་ཕེབས་མཁན་གྲུབ་མཐའི་དབང་དུ་བྱས་ཀྱང་དགེ་ལུགས་པ་ཁོ་ན་ཙམ་མིན་པར།ས་སྐྱ། བཀའ་བརྒྱུད།རྙིང་མ།ཇོ་ནང༌།གཡུང་དྲུང་བོན་དང་བཅས་པའི་རིས་མེད་ཀྱི་བླ་སྤྲུལ་དང་དགེ་འདུན་པ་རྣམས་ཕེབས་བཞིན་པ་རེད།(འདིར་གདན་ས་སེ་འབྲས་དགེ་གསུམ་ནི་རང་ཉིད་ལོ་ངོ་དུ་མའི་རིང་སློབ་སྦྱོང་བྱས་ཏེ་སྡད་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་མཚན་གཞིར་བགྲང་བ་ཙམ་ལས་བོད་མདོ་དབུས་ཁམས་གསུམ་དུ་གནས་པའི་གྲུབ་མཐའ་གཞན་དང་གཞན་གྱི་དགོན་སྡེ་ཁག་ལའང་དཀའ་ངལ་འདི་འཕྲད་བཞིན་པ་ནི་གཅིག་མཚུངས་རེད།)
དོན་དམ་པའི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་དགོས།
འདི་ལྟ་བུའི་སྲོལ་རྒྱུན་གྱི་རྒྱབ་ལྗོངས་མཐུག་ལ།ཆོས་དད་ཆེ་བའི་བོད་རིགས་མི་དམངས་ཀྱི་དངོས་ཡོད་ཁེ་ཕན་དང་མཐུན་པའི་ལམ་སྲོལ་འདི་དག་སྣང་མེད་དུ་བཞག་ནས་སྤྱིར་གྲྭ་བཙུན་དང་ལྷག་ཏུ་གྲྭ་བཙུན་སློབ་གཉེར་བ་ཚོད་འཛིན་དང་ཕྱིར་འབུད་བྱེད་པ་ནི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཉིད་ཁ་བཤད་ཙམ་ལས་དོན་ཐོག་ཏུ་འཁྱོལ་ཐུབ་ཀྱི་མེད་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བཞིན་ཡོད།ཐེངས་འདིའི་གསུམ་བཅུ་བཞིའི་དོན་རྐྱེན་འོག་བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་སའི་ལྟེ་གནས་དབུས་ཀྱི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དུ་མཚན་གུང་མེ་མདའ་སོགས་དྲག་པོའི་གོ་མཚོན་ཐོགས་པའི་དམག་མི་ཁྲི་སྟོང་མང་པོ་བཙན་གྱིས་འཛུལ་ཡོང་ནས་ཁང་ཚན་དང་གྲྭ་ཤག་ཡོངས་རྫོགས་ཀྱི་སྒོ་བཅགགྲྭ་བ་ཚང་མ་རང་རང་གི་ཤག་ནས་སྒོར་ཕུད་དེ་སྔོག་བཤེར་བྱས་འདུག་ལ།༧གོང་ས་མཆོག་གི་སྐུ་པར་དང་གཞན་གསེར་དངུལ་གྱི་མཆོད་ཆས་ལག་ཁྱེར་ཁ་པར་ལག་ཁྱེར་རྩིས་འཁོར་དངུལ་སྒོར་སོགས་བོར་བརླགས་བྱུང་བ་མང་པོ་འདུག ད་དུང་བོད་ཀྱི་ས་གནས་གཞན་དག་ཏུ་༧གོང་ས་མཆོག་གི་སྐུ་པར་ཡོངས་རྫོགས་ཕྲོགས་སྟེ་དགོན་འདབས་ཀྱི་ཐང་ཆེན་ཞིག་ལ་བཀྲམ་ནས་དམག་མི་རྣམས་དེའི་སྟེང་རྡོག་རྫིས་བྱེད་ཀྱིན་གཤར་སོང་ཟེར།གཞན་ཡ་མཚན་པ་ཞིག་ནི་གྲྭ་བ་ཁག་ཅིག་གི་ཐབ་ཚང་ནང་གི་ཚལ་གཏུབ་བྱེད་ཀྱི་གྲི་ཡང་ཁྱེར་འགྲོ་གི་འདུག་ལ།རྗེས་སུ་ཤེས་རྟོགས་བྱུང་བར་དེ་ནི་ང་ཚོ་གཏུམ་སྤྱོད་པར་བསྒྲུབ་རྒྱུའི་དཔང་རྟགས་ལ་ཁྱེར་བ་ཡིན་འདུགདེ་ལྟར་གྲྭ་བར་གཅར་རྡུང་ཚུན་བཏང་ནས་འཛིན་བཟུང་བྱས་ཤིང་ཟླ་དྲུག་ལྷག་གི་བཀག་སྡོམ་འོག་གཞི་ནས་གློད་གྲོལ་ཙམ་བཏང་ཡོད་ཀྱང་ཕྱིར་རང་རང་གི་སློབ་གཉེར་བྱེད་སའི་གདན་ས་ཁག་ཏུ་འགྲོ་མི་ཆོག་པ་བཟོས།ད་དུང་བཙོན་ཁང་དུ་ཡོད་སྐབས་གྲྭ་བ་རྣམས་ཀྱིས་ང་ཚོ་གནས་འདིར་ཅི་ཙམ་འདུག་དགོས་ཀྱང་སྐྱོན་མི་འདུགང་ཚོ་ཕྱིར་རང་རང་གི་སློབ་གཉེར་བྱེད་སའི་གདན་སར་གཏོང་རོགས་ཞེས་ཅི་ཙམ་ཞུ་འབོད་དང་སྙན་ཞུ་ཕུལ་ཀྱང་ཆུ་ནང་ལ་རྡོ་འཕངས་བ་བཞིན་གྲགས་འགུལ་ཅི་ཡང་མ་བྱུང༌།བོད་ཀྱི་ཁ་རྒྱུན་ལ་Ÿབོད་རེ་བས་ཕོངས།རྒྱ་དོགས་པས་ཕོངས།ཟེར་བ་ཅིས་མ་བདེན།འདི་ལྟར་སྐྱབས་མེད་འཚོ་མེད་ཀྱི་གྲྭ་རྐྱང་སྟོང་ཕྲག་ལྷག་གློ་བུར་དུ་སོ་སོའི་མི་ཚེའི་གཞུང་ལམ་སྟེང་ནས་འཇིགས་སྣང་དང་དཀའ་སྡུག་མྱ་ངན་འོག་ནས་བགྲོད་མཚམས་འཇོག་དགོས་ཐུག་སོང༌།སེ་འབྲས་ནས་དམག་མིའི་འཇུ་བཟུང་འོག་ཅ་དངོས་གཞན་ལྟ་ཅི་རྐང་མགོའི་ལྷམ་ཡང་གོན་དབང་མ་བྱིན་པར་འདྲུད་ལྷམ་ཙམ་གོན་ཡོད་པའི་གྲྭ་བ་དེ་དག་ད་གང་དུ་འགྲོ་དགོས་སམ།སོ་སོའི་ཕ་ཡུལ་དུ་དགོན་པ་མེད་ལ་གལ་སྲིད་ཡོད་ཀྱང་སློབ་གཉེར་བྱེད་ས་མེད་པ་དང༌།ཐ་ན་རང་གི་ཁྱིམ་མི་ཉེ་འབྲེལ་རྣམས་རྐྱེན་དབང་དུ་ཤོར་བས་རང་ཉིད་གཞི་རྟེན་སའི་ཡུལ་མི་དང་དགོན་པ་གང་ཡང་མེད་པའི་གྲྭ་རྐྱང་དེ་དག་ད་གང་དུ་འགྲོ
བོད་བརྒྱུད་ནང་བསྟན་འདི་གནས་པ་དང་འཕེལ་བ་ལ་ཁྲིམས་ལུགས་ཀྱིས་
འགོག་རྐྱེན་བཟོ་མི་རུང་བ་མ་ཟད་རྒྱབ་སྐྱོར་བྱེད་དགོས།
ཤེས་ཡོན་བརྡ་འཕྲིན་གྱི་དུས་རབས་འདིར་བོད་ཀྱི་གྲྭ་བ་རྣམས་ལའང་རང་ཡུལ་ནས་རང་གི་རེ་འདོད་ལྟར་ཤེས་ཡོན་སློབ་གསོ་ཐོབ་པར་འགལ་རྐྱེན་བྱེད་མི་རུང་བ་མ་ཟད་ཡོངས་ཁྱབ་ཀྱི་སྒོ་ནས་ཆ་རྐྱེན་བསྐྲུན་དགོས།དེ་ཡང་ཆེ་ཕྱོགས་ནས་སྲིད་གཞུང་གི་ལས་ཀ་བྱེད་སྟངས་ལས་ཐོབ་དགོས་པའི་རྣམ་གྲངས་ཁག་ཅིག་སྟེ། གཅིགའཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་འདིས་མི་གྲངས་ཉུང་ཞིང་ས་རྒྱ་ཆེ་བའི་བོད་རིགས་འདི་མི་གྲངས་ཐད་ནས་ཉེན་ཁར་གཏད་ཡོད་པ་མ་ཟད།ཆོས་ལུགས་རྒྱུན་འཛིན་པ་གྲྭ་གྲངས་ཐད་ལའང་རང་ཤུགས་ཀྱིས་ཚོད་འཛིན་ཐེབས་ཡོད།གཉིས།ལོ་ན་བཅོ་བརྒྱད་ལ་མ་སོན་པར་གྲྭ་བ་བྱས་མི་ཆོག་པའི་བཅའ་ཁྲིམས་དེས་ཆོས་ལུགས་མི་སྣའི་སྒོ་ལམ་གཅིག་བཀག་ཡོད།གསུམ།ནང་བསྟན་སློབ་སྦྱོང་གི་ཁོར་ཡུག་ལེགས་པའི་དགོན་སྡེ་གྲགས་ཅན་རྣམས་སུ་གྲྭ་གྲངས་ཚོད་འཛིན་གྱིས་སློབ་སྦྱོང་ལ་སྐོམ་པ་ཆུ་འདོད་ལྟར་རེ་བའི་གྲྭ་བ་མང་པོར་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱི་མེད་པ།དེ་ལས་ལྡོག་སྟེ་ཆོས་དད་རང་མོས་ཡོད་པའི་རྟགས་མཚན་དུ་མི་རྣམས་ཕྱག་འཚལ་བ་དང་སྐོར་བར་འགྲོ་བ།དར་ལྕོག་འཛུགས་ཆོག་པ(སྲིད་གཞུང་གིས་བཏོན་པའིལོ་རྒྱུས་ཀྱི་ཐོག་ནས་བོད་ལ་བལྟ་བ་ཞེས་པའི་འོད་སྡེར་དུ་གསལ)་སོགས་བགྲང་བ་ནི་ཕྱི་ཚུལ་ཙམ་ནས་གཞན་མགོ་སྐོར་བའི་ཚབ་ལ་རང་གི་དེ་ཉིད་སྟོན་པ་ལས།རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ངོ་མར་ཕན་ཐོགས་པའི་ལས་ཤིག་མིན་པར་སེམས་སོ།ནང་བསྟན་ཆོས་ལུགས་ཀྱི་རྗེས་འཛིན་མི་སྣ་ལོ་ཆུང་རྣམས་དགོན་པར་ཞུགས་དཀའ་བ།ཞུགས་ཟིན་ཀྱང་སློབ་སྦྱོང་གི་གོ་སྐབས་ཐོབ་དཀའ་བ་སོགས་ཆོས་ལུགས་ལས་རིགས་ཀྱི་རྨང་གཞིའི་ལམ་ཁ་ཉིན་རེ་བཞིན་དོག་ནས་དོག་ཏུ་འགྲོ་བཞིན་མོད།གོང་ནས་དགོན་སྡེ་ཉམས་གསོ་ཞེས་ལྷ་ཁང་ཁག་ཅིག་བསྐྱར་གསོ་བྱེད་པ་དང༌།དགེ་བཤེས་ལྷ་རམས་བཏང་བ་སོགས་བྱ་འགུལ་སྣེ་མང་སྤེལ་བཞིན་པ་ནི་ཕྱིའི་རྣམ་པ་ཙམ་ལས།དེས་ཟབ་ཅིང་བརླིང་བའི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་འདི་རྒྱུན་འཛིན་དང་དར་སྤེལ་ལ་ཁེག་ཐེག་བྱེད་ཐུབ་པའི་ངེས་པ་གཏན་ནས་མེད། རིག་གསར་སྔོན་གྱི་གྲྭ་གྲངས་ལས་ལྡབ་བཅུ་ལྷག་མར་ཆག་པའི་ད་ལྟ་སེ་འབྲས་དགེ་གསུམ་ལ་མཚོན་ན།སེ་རར་སྔོན་མའི་གྲྭ་གྲངས་9900ད་ལྟ850ལྷག་ཙམ་ཡོད་པ་དང༌།འབྲས་སྤུངས་སུ་སྔོན་མའི་གྲྭ་གྲངས་10000ལྷག་ལས་ད་ལྟ་1400མ་ཟིན་ཙམ།དགའ་ལྡན་གྱི་སྔོན་མའི་གྲྭ་གྲངས་5400དང་ད་ལྟ་400མ་ཟིན་ཙམ་ཡོད།སྲིད་གཞུང་གིས་བཤད་པའི་ད་ལྟའི་བོད་ཀྱི་གྲྭ་བའི་གྲངས་འབོར་ལ་ཁྱོན་བསྡོམས་74500ཙམ་ཡོད་དང༌།ཆོས་ལུགས་བྱེད་སྒོ་སྤེལ་ས་ཆིག་སྟོང་བདུན་བརྒྱ་ལྷག་ཡོད་ཟེར།འདི་བོད་རང་སྐྱོངས་ལྗོངས་གཅིག་པུའི་གྲངས་འབོར་རེད།ས་གནས་ཀྱི་གྲྭ་བའི་གྲངས་འབོར་དང་བསྡུར་ན་བརྒྱ་ཆའི་བཅུ་ཙམ་ལའང་ཆོས་སློབ་སྦྱོང་གི་གོ་སྐབས་ཐོབ་ཐུབ་ཀྱི་མེད་པས།ཆོས་ཀྱི་གཞུང་ལུགས་མི་ཤེས་པའི་གྲྭ་བས་ཇི་ལྟར་ཆོས་ལུགས་འདི་རྒྱུན་འཛིན་དར་སྤེལ་བྱེད་དགོས་སམ།ཇི་ལྟར་ཆོས་ལུགས་འདི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་བར་བྱེད་དགོས་སམ། །
བོད་ཀྱི་དགོན་སྡེ་ནི་ནང་ཆོས་སྒོམ་སྒྲུབ་བྱེད་སའི་ལྟེ་གནས་ཡིན་པ།
སྲིད་གཞུང་ནས་མ་དངུལ་འབོར་ཆེན་བཏང་སྟེ་དགོན་སྡེ་ཉམས་གསོ་བྱས་དང་བྱེད་བཞིན་པ་ནི་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་ཡིན་ཞིང༌།དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི་དོན་དམ་པར་དགོན་པའི་སློབ་གསོའི་ཕྱོགས་ལ་ཕན་པའི་ལས་དོན་ལ་མཐུན་རྐྱེན་བསྒྲུབ་རྒྱུ་དང་འགལ་རྐྱེན་མི་བྱེད་རྒྱུ་ནི་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཀྱི་འོད་མདངས་གཞི་རིམ་དམངས་ཚོགས་ཀྱི་འཚོ་བ་དངོས་ནང་དུ་འཕྲོ་བའི་དན་རྟགས་སུ་རེ་སྒུག་བྱས་ནས་འདུག་རྒྱུ་ཡིན།
བོད་ཀྱི་དགོན་སྡེ་ནི་རིག་དངོས་སྲུངསྐྱོབ་སྡེ་ཁག་ཙམ་དུ་ངོས་བཟུང་ན་ཚད་ཆེས་དམའ་རིམ་ལ་ཤོར་བ་སྟེ། དེ་ལྟར་ན་དགོན་པ་གནས་དགོས་པའི་ཆ་རྐྱེན་མེད་སོང་བ་མ་ཟད་དང་པོར་འཛུགས་པའི་དགོས་པ་དང་ཡང་ལྡོག་ཕྱོགས་སུ་ཕྱིན་པ་རེད།དགོན་སྡེ་ཞིག་འཛུགས་པའི་དགོས་པ་ནི་གང་ཡིན་ནམ།སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་གསུང་དང་དེ་ལ་རྒྱ་གར་གྱི་ཚད་དང་ལྡན་པའི་ནང་བའི་མཁས་དབང་རྒྱན་དྲུག་མཆོག་གཉིས་གཙོས་མཁས་གྲུབ་དམ་པ་དུ་མས་གསལ་བར་མཛད་པ་ལ།བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གྱིས་བརྒྱན་པའི་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་སྙིང་དོན“ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་”ཟབ་བརླིང་གི་གཞུང་ལུགས་ལ་སློབ་སྦྱོང་དང་དེ་ཚུལ་བཞིན་དུ་ཉམས་སུ་ལེན་པའི་མི་སྣ་སྐྱེད་བསྲིང་བྱེད་སའི་སྒོམ་སྒྲུབ་ལྟེ་གནས་སམ་སྲོལ་རྒྱུན་གྱི་སློབ་གྲྭ་སྟེ།དར་ལྕོག་འཛུགས་པ་དང་ཕྱག་འཚལ་སྐོར་གསུམ་བྱེད་པ།དེ་བཞིན་ལྷ་སྐུ་དང་ལྷ་ཁང་བཞེངས་པ་ལྟ་བུའི་བོད་བརྒྱུད་ནང་བསྟན་གྱི་ཆ་ཤས་ནང་གི་ཡང་ཤས་སུ་གྱུར་བའི་ཕྱིའི་ཟང་ཟིང་གི་རྣམ་པ་འདི་དག་གིས་བོད་བརྒྱུད་ནང་བསྟན་དེ་ཉིད་གནས་པ་དང་འཕེལ་བ་གཏན་ནས་མཚོན་མི་ཐུབ།དེ་ལྟར་དགོན་སྡེ་ནི་རིག་དངོས་སྲུང་སྐྱོབ་དང་གཞན་པའི་ལྟ་སྐོར་བྱེད་ས་ཙམ་དུ་ཟད་ན་དགོན་པ་དགོས་མཁོ་མེད་པར་སྲིད་གཞུང་གི་རིག་དངོས་བཤམས་མཛོད་ཁང་གིས་མི་ཆོག་པ་ཅི་ཞིག་ཡོད་དམ།
འཁྱོག་བརྗོད་དང་མི་རིགས་ཁ་བྲལ་དུ་གཏོང་བའི་ནག་ཉེས།
དེ་བཞིན་༣.༡༤དོན་རྐྱེན་ཁྲོད་གྲྭ་ཆས་གྱོན་པའི་མི་འགའ་ཐོན་པ་དེ་གཞི་བྱས་ནས་རྒྱལ་ནང་ཙམ་དུ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནང་གཞུང་འབྲེལ་གྱི་གསར་ལམ་བརྒྱུད་བོད་ཀྱི་གྲྭ་བས་རྡུང་གཅོག་ཕྲོག་སྲེག་བྱས་སོང་ཞེས་ཁྱབ་བསྒྲགས་བྱས་པ་དེར་དངོས་ནས་བློ་ཕམ་ཆེན་པོ་བྱུང༌།དཔེར་ན།སྤྱི་ཟླ༣ཚེས་༡༠དང་༡༡་་་་་་་་༡༢སོགས་ལ་སེ་འབྲས་ཀྱི་གདན་ས་ཁག་ནས་གྲྭ་མང་གིས་ཞི་བའི་སྐད་འབོད་བྱེད་སྐབས་དྲག་པོའི་གོ་མཚོན་ཐོགས་པའི་དམག་མི་ཁྲི་སྟོང་མང་པོས་གྲྭ་བ་རྣམས་རུབ་སྐོར་རྒྱབ་སྟེ་དུག་རླངས་བཏང་བ་དང་གཅར་རྡུང་ཕོགས་པ་སོགས་ཟུར་ཙམ་ཡང་མཐོང་རྒྱུ་མེད་པར་གྲྭ་མང་ཁྲོད་དམག་མིས་དུག་རླངས་གཏོར་བར་གྲྭ་བ་རྣམས་ཀྱིས་དུག་སེལ་ཕྱིར་རང་སྟེང་ལ་ཆུ་གཏོར་བའི་པར་ཞིག་ལ་རྫུན་བཟོ་བྱས་ཏེ་གྲྭ་བས་དམག་མིའི་སྟེང་ཆུ་ཁོལ་བཤོལ་སོང་ཞེས་དང༌།དྲག་པོའི་གོ་མཚོན་གྱིས་འཇིགས་ཟིལ་ངོམས་པར་འུ་ཐུག་ཐབས་ཟད་ཀྱིས་ལག་ཏུ་རྡོ་ཁྱེར་བའི་མི་རེ་ཟུང་ཡོད་པ་དེ་རྒྱལ་ཕྱི་རྒྱལ་ནང་དུ་ལོག་འགྲེལ་གྱིས་གཏུམ་སྤྱོད་ཅན་དུ་འཁྱོག་བརྗོད་བྱས་པ་སོགས་ཀྱིས་མཚོན་༣.༡༤ཡི་གནས་ཚུལ་མང་པོ་ཞིག་ལའང་དེ་བཞིན་འཁྱོག་བརྗོད་བྱས་ཤིང༌།གཡོ་འཕྲུལ་ཆེ་བ་དང་མིག་རྒྱང་ཐུང་བའི་བྱ་བྱེད་དག་ནི་དངོས་ནས་ཧང་སང་དགོས་པ་དང་ཡིད་ཐང་ཆད་པ་ཞིག་ཡིན་མོད།འོན་ཀྱང་ལོ་རྒྱུས་ཀྱིས་ཡོད་ཚད་གསལ་བོར་བཟོ་ངེས་པས་དེ་ནི་གནས་སྐབས་ཙམ་དུ་ཟད།གོ་ཐོས་ལ་ད་ལྟ་རྒྱལ་ནང་གི་གྲོང་ཁྱེར་ཁག་གི་རླངས་འཁོར་ནང་འགྲུལ་བསྐྱོད་བྱེད་དུས་གྲྭ་བ་དང་ཐ་ན་བོད་མི་ཞིག་ཡིན་ཚེ་འཁྲིས་ཀྱི་རྒྱ་མི་ཚང་མ་རླངས་འཁོར་ནས་བབ་འགྲོ་ཟེར།ངོ་མ།སྲིད་གཞུང་ངམ་དེའི་དྲིལ་བསྒྲགས་མི་སྣ་སྟེ།རྒྱུ་འབྲས་བློ་མིག་ཐེད་ལ་བོར་བའི་སྒེར་གཅོད་པ་དག་གི་འཁྱོག་བརྗོད་ཇི་འདྲའི་ཤུགས་ཆེ་ཨང༌།གཞུང་དྲང་བརྩོན་སེམས་ཅན་གྱི་ཀྲུང་གོའི་མི་དམངས་དུང་ཕྱིར་མང་པོ་དུས་གཅིག་ལ་འདི་ལྟར་མགོ་སྐོར་གཏོང་ཐུབ་པ་རེད།དུས་རྒྱུན་དུ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་སྲུང་སྐྱོང་གི་འབོད་སྒྲ་སུན་སུན་བར་སྒྲོག་བཞིན་སྒྲོག་བཞིན་ཅི་ཞིག་གི་དགོས་མཁོའི་ཆེད་དུ་རང་གི་མི་དམངས་དང་མི་དམངས་བར་ལ་རྫུན་བཟོས་ཀྱིས་བྱ་སྤྱོད་འདི་ལྟར་སྤེལ་བ་ནི་ཁ་ཙམ་ལས་དོན་དམ་པར་མི་རིགས་ཁ་བྲལ་ཏུ་བཏང་བ་མ་ཡིན་ནམ།
སྲིད་གཞུང་གིས་མི་མང་ལ་ཁ་ནས་རེ་བ་འདོན་པ་ཙམ་ལས་ལག་ལེན་གྱི་
ཐོག་ནས་རེ་བ་དེ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་དགོས།
དེང་འདིར་ཆོས་ལུགས་ལས་རིགས་ཁག་ལ་སྲིད་གཞུང་གིས་བསྐྱར་ནན་གྱིས་རེ་བ་ཅིག་འདོན་བཞིན་པ་ནི།ཆོས་ལུགས་འདི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་བ་བྱེད་དགོས་ཞེས་པ་དེ་རེད།དེ་ནི་དངོས་ནས་ལྟ་ཚུལ་ཡག་པོ་ཞིག་རེད་བསམ།རིག་གཞུང་གང་ཞིག་ཡིན་ཀྱང་སྤྱི་ཚོགས་ཀྱི་ཞབས་ཞུ་དང་ཁ་བྲལ་ཚེ་དོན་སྙིང་གིས་སྟོང་ཞིང་ཆོས་ལུགས་འདི་ཡང་སྤྱི་ཚོགས་ཀྱི་ཆེད་དུ་གནས་པ་དང་འཕེལ་བས་དུས་རབས་སམ་སྤྱི་ཚོགས་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ནས་འགྲོ་རྒྱུ་ཆོས་ལུགས་ལས་རིགས་རང་ཉིད་ཀྱི་མདུན་ལམ་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད།རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་ཡང་ཐུག་ཡོད་པ་རེད།འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་དགོས་ཞེས་ཁ་གཡང་ཙམ་གྱིས་མི་ཡོང་བར་ཆོས་ལུགས་མི་སྣར་དོན་དམ་པའི་ཆོས་སློབ་སྦྱོང་ངམ་ཆོས་དད་རང་དབང་སྤྲོད་རྒྱུ་ནི་གོང་གི་ཁ་གཡང་དེ་དོན་དངོས་སུ་འགྱུར་ཐུབ་མིན་གྱི་འགག་རྩར་ཐུག་ཡོད་པས།འབྲེལ་ཡོད་མགོ་ཁྲིད་རྣམ་པས་དོན་དངོས་ལ་ལྟ་བ་དང༌།གཟིགས་རྒྱང་རིང་བོས།དུས་རབས་ཉེར་གཅིག་པའི་ཀྲུང་དབྱང་གི་གུ་ཡངས་སྲིད་ཇུས་ཀྱི་ཉི་འོད་ངེད་ཅག་གི་གྲང་ཤུར་ཤུར་ཀྱི་འཚོ་བ་དངོས་ཀྱི་ནང་དུ་གང་མགྱོགས་ཀྱིས་ཤར་རྒྱུར་རེ་སྒུག་བྱས་ཡོད།མཐར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བརྟན་ལྷིང་དང༌།མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཉམས་པ་མེད་པར་སྨོན།རང་དབང་གི་ཉི་ཟེར་དྲོན་མོ་ཀྲུང་གོའི་ས་གཞི་ཡོང་ལ་འཕྲོས་པར་སྨོན། །
གོང་དུ་རང་དང་རང་འདྲའི་མི་ཁྲི་སྟོང་མང་པོས་དངོས་སུ་མྱོང་བཞིན་པའི་དཀའ་ངལ་འདི་དག་ནི་ཁ་ཁོག་མེད་པར་དྲང་བོའི་ངག་གིས་རྒྱུན་དུ་མི་མང་གི་ཆེད་དུ་ལས་ཀ་བྱེད་བཞིན་པའི་གོང་རིམ་དབུ་ཁྲིད་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན་ལ།ཞུ་ཡིག་འདིས་གཞི་རིམ་གྱི་ང་ཚོའི་འཚོ་བ་དངོས་ནང་གི་དཀའ་ངལ་ཁག་ཅིག་མཐོང་ཐུབ་པའི་རེ་བ་ཡོད།འོན་ཀྱང་རང་ཉིད་མི་ལོ་17བར་དུ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་དང༌།སྦྱང་བའི་ཡོན་ཏན་ཉུང་ཁར་ལྷན་སྐྱེས་ཀྱི་ཤེས་རབ་ཞན་པས།ཞུ་མ་ཤེས་པའམ་ཞུ་འདོད་པའི་སེམས་ཀྱི་སྐད་ཆ་ཡིག་ངོར་ཇི་བཞིན་འབྲི་མ་ཐུབ་པ་དང༌།ཡང་ན་གཞི་རིམ་གྱི་མི་སེར་དཀྱུས་མ་ཞིག་གི་ལྟ་ཚུལ་ཙམ་ཡིན་པས་མཐོ་རིམ་དབུ་ཁྲིད་དག་གི་གཟིགས་ངོར་བཤད་ཐལ་ཆེ་བ་སོགས།མདོར་ན་ཁྱེད་དབུ་ཁྲིད་རྣམ་པའི་དགོངས་པ་དང་མི་མཐུན་རིགས་ཡོད་ཚེ་དགོངས་འཆར་གནང་རྒྱུ་བཅས།
སྤྱི་ལོ2008-10-7/ཉིན་གུས་པ་དགེ་འདུན་གྱིས་ཕུལ། ། བཀྲ་ཤིས་བདེ་ལེགས།
Filed under: Uncategorized | Leave a Comment »