བོད་ནས་དམིགས་བསལ་ཚོགས་ཆེན་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ།

t1119-call.mp3 གསན་ན།

ཟླ་བ་འདིའི་ཚེས་༡༧ཉིན་ནས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་མ་འོངས་མདུན་ལམ་ཆེད་དམིགས་བསལ་གྱི་ཚོགས་ཆེན་ཞིག་སྐོང་ཚོགས་གནང་བཞིན་ཡོད་པ་དང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་དམིགས་བསལ་ཚོགས་ཆེན་འདིའི་ཐོག་དོ་སྣང་ཆེན་པོ་གནང་གི་ཡོད་པའི་ཐོག་བོད་ནང་ཡོད་མཁན་གྱི་བོད་པ་མི་ཉུང་བ་ཞིག་ནས་ཀྱང་ཚོགས་ཆེན་འདིར་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད། དུས་རབས་༢༡འདིའི་ཁྲོད་སྲིད་དབང་སྒེར་འཛིན་གྱི་གཞུང་ཡིན་རུང་གནས་ཚུལ་མང་པོ་དེ་སྔོན་བཞིན་སྦས་གསང་དང་བཀག་སྡོམ་བྱེད་ཐུབ་ཐབས་མེད། ལྷག་པར་དུ་རྒྱ་ནག་གུང་ཁྲན་གཞུང་ལ་ཆ་མཚོན་ན། ད་ལྟ་ཡིན་རུང་བོད་ནང་གནས་ཚུལ་མང་པོའི་ཐོག་བཀག་སྡོམ་དང་ཕྱི་ཕྱོགས་ནས་བོད་ནང་གི་གནས་སྟངས་ཤེས་རྟོགས་ཐད་གཞུང་ཕྱོགས་ནས་རྫུན་བཟོ་དང་སྦས་གསང་། དེ་བཞིན་བཙན་བཤེད་ཀྱིས་དམ་དྲག་བྱེད་བཞིན་ཡོད་ན་ཡང༌དེང་དུས་ཚན་རིག་ལག་རྩལ་འཕེལ་རྒྱས་ཕྱིན་པའི་དབང་གིས་བོད་ནང་གི་ཤེས་ཡོན་ཅན་མང་པོས་རི་བོའི་ཕ་རོལ་དུ་ཡོད་པའི་བཞུགས་སྒར་རྡ་རམ་ས་ལའི་གནས་ཚུལ་དང་རྒྱལ་སྤྱིའི་ཐོག་བོད་དོན་གྱི་འཕེལ་ཕྱོགས་སོགས་གནས་ཚུལ་མང་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་བཞིན་བཞུགས་སྒར་རྡ་རམ་ས་ལར་ཚུགས་བཞིན་ཡོད་པའི་དམིགས་བསལ་ཚོགས་ཆེན་ཐོག་བོད་ནང་གི་སྐད་སྒྲ་འདི་ཐོན་ཐུབ་པའི་ཆེད་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་རང་རང་སོ་སོའི་བསམ་འདུན་འདི་སྟོན་གྱི་ཡོད་པ་རེད། འདི་ནི་བོད་ནང་གི་གཞོན་སྐྱེས་ནས་བསམ་འདུན་སྟོན་པ་ཞིག་རེད།

འཕྲུལ་སྣང་སྟོང་པ་འདི་རྒྱབ་སྐྱུར་བྱས་ནས་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས།

t1114-td.mp3 གསན་ན།
འོད་ཟེར་གྱི་གླེང་སྟེགས།

བོད་རྒྱའི་ཐེངས་བརྒྱད་པའི་གྲོས་མོལ་འདི་ཁ་ཕྱོགས་འགྱུར་བ་ཞིག་ཡིན་པ་མངོན་གསལ་དོད་པོ་རེད། པེ་ཅིང་ཕྱོགས་ནས་རྣམ་འགྱུར་གྲང་མོའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་གཞུང་དང་བཀའ་མོལ་གནང་ཡག་གི་ཐོབ་ཐང་རྩ་བ་ནས་མེད་པ་ཁྱབ་བསྒྲགས་བྱས་ཡོད། གྲོས་མོལ་ལ་ཐེ་ཇུས་ཡོད་མཁན་ཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པས་གསར་འགོད་ལྷན་ཚོགས་སྟེང་གུས་ཞབས་རྩ་བ་ནས་མེད་པའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་མ་རུང་ཁོག་བཅངས་གནང་མཁན་ཅེས་མཚན་སྨྲས་ཞུས་པ་དང་། ༧གོང་ས་མཆོག་ནས་གསུང་ཡག་ནི་མགོ་སྐོར་བཏང་བའི་རྫུན་གཏམ་ཡིན་བརྗོད་ཡོད། ཐ་ན་གསར་འགོད་ལྷན་ཚོགས་ཐོག་ཏེང་ཤའོ་ཕིང་གིས་ལོ་ངོ་སུམ་བཅུའི་སྔོན་བརྗོད་པ་དང་མི་ཚོས་རྟག་ཏུ་བེད་སྤྱོད་བྱེད་བཞིན་ཡོད་པའི་བོད་རང་བཙན་ཕུད་པའི་དེ་མིན་ག་རེ་ཡིན་རུང་བརྗོད་ན་ཆོག་ཟེར་བའི་སྐད་ཆ་རྙིང་པ་འདིར་ཡང་ཁས་ལེན་བྱས་མེད་པ་རེད། དེར་རྟེན་ཚང་མས་གུས་བཀུར་ཞུ་ཡུལ་གྱི་བོད་པ་ཞིག་ནས་ཁོང་ཁྲོ་ཆེན་པོའི་ངང་འདི་ནི་བཙན་དབང་རིང་ལུགས་རང་རེད་ཅེས་གསུང་གི་འདུག
བོད་ནང་གི་བོད་མི་མང་པོ་ཧ་ལས་པ་དང་ཞེན་པ་ལོག་པའི་ཁྲོད་ནས་འདི་ནི་བསམ་ཡུལ་ལ་ཡོད་པའི་མཐའ་འབྲས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། མཐའ་འབྲས་འདི་པེ་ཅིང་གིས་རྒྱལ་སྤྱིའི་ཁྲོད་དབྱུག་པའི་སྐབས་བསམ་དོན་མཐར་མངོན་པ་ནང་བཞིན་མ་བྱས་རང་བྱས་བཟོས་པའི་གཏུམ་ཉམས་ཡོད་པ་རེད། ཡིན་ནའི་འདི་ནི་ངོ་གདོང་ངོ་མ་དེ་ཕྱིར་བཏོན་ཡོད་པ་མ་ཟད། ད་དུང་ཐོག་རྒྱབ་པ་བཞིན་བོད་མི་ཚོའི་སེམས་གཏིང་ལ་ཡོད་པའི་འཆར་སྣང་ཆུང་ངུ་འདི་ཡང་མེད་པ་བཟོས་ཡོད། བསམ་པ་རྣམ་དག་མེད་པའི་བཙན་བཤེད་རིང་ལུགས་ཀྱི་ཁ་གཏད་དང་གྲོས་མོལ་བྱས་པ་ཡིན་ན་འབྲས་བུ་ཐོན་རྒྱུ་མེད་པ་སྔ་ས་ནས་ཤེས་པ་དང་ད་དུང་རེ་བ་ཆེན་པོ་བྱེད་རིན་མེད་པ་ཡང་ཤེས་ཀྱི་ཡོད་རུང༌། ཐེངས་བརྒྱད་པའི་གྲོས་མོལ་བྱུང་བའི་རྗེས་གཞི་ནས་པེ་ཅིང་གི་ཡ་ང་སྙིང་རྗེ་མེད་པའི་གྲོས་མོལ་གྱི་རྐྱེན་པས་ཁྱོན་ཡོངས་ནས་རེ་བ་སྟོང་ཟད་དུ་ཕྱིན་ཡོད། བོད་མི་འགའ་རེས་བརྗོད་དོན་ལ། རེ་བ་སྟོང་ཟད་དུ་འགྱུར་བའི་སྐབས་གཅིག་བྱས་ན་འགྱུར་ལྡོག་གི་རྣམ་པ་གསར་པ་ཞིག་ཡིན་སྲིད་ཀྱི་རེད་ལ། དེ་ལས་ལྡོག་སྟེ་དཀའ་གནད་སེལ་བའི་རྣམ་པ་གསར་པ་ཞིག་ཡོང་སྲིད་ཀྱི་རེད།
བོད་རྒྱའི་འབྲེལ་བར་འགྱུར་ལྡོག་ཆེན་པོ་འགྲོ་བ་མཐོང་བཞིན་ཡོད་པའི་སྐབས་དེར་འཇིག་རྟེན་འདིའི་འགྱུར་ལྡོག་ལ་ཕྱིར་མིག་ལྟ་དུས་རྒྱལ་རབས་ལོ་རྒྱུས་ག་དུས་ཡིན་རུང་འདྲ་པོ་ཡོད་པ་ཤེས་རྟོགས་ཐུབ་ཀྱི་ཡོད། གུས་མོས་ཞུ་ཡག་ནི་ངས་རྒྱ་ནག་གསར་པ་འཛུགས་སྐྲུན་བྱེད་མཁན་མའོ་ཙེ་ཏུང་གི་རྩོམ་ཡིག་གཅིག་ད་ལྟ་རང་མཐོང་བྱུང༌། འདི་ནི་ཁོ་པར་སྲིད་དབང་རགས་གྲབས་ཡོད་པའི་སྐབས་དེར་བྲིས་པ་ཞིག་རེད་འདུག ཁོ་པས་ཆེད་མངགས་བཙན་རྒྱལ་རིང་ལུགས་དང་དེ་བཞིན་རྒྱུགས་ཁྱི་ཨ་རི་དང་གོ་མིང་ཏང་ཅེས་བརྗོད་ཡོད་པ་མ་ཟད། ད་དུང་ཁོ་པས་རྒྱ་ནག་གི་མི་དམངས་ལ་འབོད་སྐུལ་འདི་འདྲ་ཞིག་བྱས་ཡོད་པ་སྟེ། འཕྲུལ་སྣང་སྟོང་པ་འདི་རྒྱབ་སྐྱུར་བྱས་ནས་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་ཅེས་བརྗོད་ཡོད། གུས་མོ་ནི་མའོ་ཡིས་རྒྱུགས་ཁྱི་མིན། ང་རང་འཚར་ལོངས་བྱུང་བའི་ལོ་ཟླའི་ནང་དེ་སྔོན་མའོ་ནི་ཀླད་པ་འཁྲུས་ནས་སློབ་གསོ་སྤྲད་པའི་གུས་མོ་དང་གྲངས་ལས་འདས་པའི་མི་ཚོའི་ཀླད་པའི་ནང་གི་ལྷ་གཅིག་བྱས་ཡོད་པ་ཡིན་རུང༌། འདིར་གུས་མོས་ངེས་པར་དུ་ངོས་འཛིན་བྱེད་དགོས་པ་ཞིག་ལ། གཞན་བརྗོད་མི་དགོས་པར་ང་ཚོས་རྩོམ་ཡིག་འདིའི་ནང་ནས་དོན་དངོས་དང་མཐུན་པའི་དོན་སྙིང་གཅིག་མཐོང་ཐུབ་རྒྱུ་ནི་བསྡད་ས་བརྗེ་པ་རྒྱབ་ནས་བསམ་བློ་བཏང་རྒྱུ་འདི་རེད།
མའོ་ཡིས་བརྗོད་དོན་ལ། བཙན་རྒྱལ་རིང་ལུགས་ཕྱོགས་ཁག་གི་བཤས་གྲི་འདི་རྩ་བ་ནས་བཞག་གི་མ་རེད་ལ། ཁོང་ཚོ་རྩ་མེད་མ་ཆགས་བར་དུ་ཁོང་ཚོ་སངས་ཡང་རྩ་བ་ནས་རྒྱས་ཀྱི་མ་རེད་ཅེས་དང༌། བཙན་རྒྱལ་རིང་ལུགས་པར་ཁ་ཏ་བསླབ་བྱ་རྒྱབ་སྟེ་བྱམས་སེམས་བཏོན་པའི་རེ་བ་བྱེད་ཀྱི་ཡོད། ཁ་སྐོར་ཤེས་ན་སྐམ་སར་སླེབས་ཟེར་བ་འདི་ཡོང་སྲིད་ཀྱི་མ་རེད། ཐབས་ལམ་ཡོད་པ་གཅིག་པོ་འདི་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་ཁོང་ཚོར་འཐབ་རྩོད་བྱེད་རྒྱུ་འདི་རེད་ཟེར་བརྗོད་མྱོང་ཡོད་པར་རྟེན་མའོ་ཡིས་བསམ་བློ་གསལ་པོ་བཏང་ཐུབ་མཁན་གྱི་མི་ཚོར་འོས་འགན་ཡོད་པའི་ཐོག་ནས་མཐུན་སྒྲིལ་བྱེད་དགོས་པ་དང་ནང་ཁུལ་གྱི་དཀྱིལ་ལ་བསྡད་མཁན་གྱི་རིམ་པ་དང་བར་གནས་ཤོག་ཁག རིམ་པ་ཁག་ནང་གི་རྗེས་སུ་ལུས་མཁན། དེ་བཞིན་གཡོ་འགུལ་ཐེ་ཚོམ་ཡོད་མཁན་གྱི་མི་ཐམས་ཅད་ལ་ཀུན་སློང་བཟང་པོའི་ཐོག་ནས་ཁོང་ཚོར་རོགས་རམ་བྱེད་པ་དང་ཁོང་ཚོའི་གཡོ་འགུལ་གྱི་རང་བཞིན་འདིར་སྐྱོན་བརྗོད་བྱས་ནས་ཁོང་ཚོར་སློབ་གསོ་རྒྱབ་སྟེ་ཁོང་ཚོ་མི་དམངས་དམངས་ཀྱི་ཕྱོགས་སུ་ལངས་ཐུབ་པའི་འབད་བརྩོན་དང་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་སུ་ཁོང་ཚོ་ཐེན་མི་བཅུག་པ་བྱེད་དགོས་ལ་ཁོང་ཚོར་འཕྲུལ་སྣང་སྟོང་པ་འདི་རྒྱབ་སྐྱུར་བྱས་ནས་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་ཟེར་ལབ་དགོས་ཀྱི་ཡོད་ཅེས་མའོ་ཡི་བརྗོད་ཡོད།
ཡང་འཐབ་རྩོད་ཟེར་བ་དེ་ད་ལྟའི་དུས་ཚོད་འདི་དང་ང་ཚོའི་ངོས་ནས་ཞུས་ན་མའོ་ཡི་ཁྲག་དྲི་བྲོ་བའི་དྲག་ཤུགས་ཀྱི་གསར་བརྗེ་དང་གྲལ་རིམ་འཐབ་རྩོད་ཀྱི་དོན་སྙིང་འདི་མངོན་གྱི་ཡོད་པ་མ་རེད། འཚེ་བ་མེད་པའི་བྱེད་སྟངས་འདི་ཡང་འཐབ་རྩོད་ཞིག་ཡིན་པ་མ་ཟད། ད་དུང་འདི་ནི་དེ་བས་གཟི་བརྗིད་ཆེ་བ་དང་ཕུགས་རྒྱང་རིང་པོའི་འཐབ་རྩོད་ཞིག་ཡིན་པ་རེད། མི་མི་རེ་ངོ་རེའི་ངོས་ནས་ཞུས་ན། འཐབ་རྩོད་ཀྱི་དོན་སྙིང་འདི་སོ་སོ་ནས་འགོ་བཙུགས་ཏེ་བྱེད་དགོས་ཀྱི་ཡོད་པ་དང་ད་ལྟ་ནས་འགོ་བཙུགས་ཏེ་བྱེད་དགོས་ཀྱི་ཡོད་པ་རེད་ལ། ཞིབ་ཕྲའི་གནས་ཚུལ་ཐོག་ནས་འགོ་བཙུགས་ཏེ་ལས་དོན་སྤེལ་ནས་ང་ཚོ་བོད་པ་གཅིག་ཡིན་པའི་ལས་འགན་ཁུར་དགོས་ཀྱི་ཡོད། ཐ་ན་ཉིན་རེའི་འཚོ་བའི་ནང་གི་ལས་ཀ་ཆུང་ངུ་གང་འདྲ་ཞིག་ཡིན་རུང་འདིའི་ཐོག་འབད་བརྩོན་བྱས་པ་འདི་ཡང་འཐབ་རྩོད་གཅིག་ཡིན་པ་རེད། ངེས་པར་དུ་སེམས་ནང་བཅངས་དགོས་པ་ནི་འཐབ་རྩོད་ཟེར་བ་འདི་སྟངས་འཛིན་བྱེད་ཡག་མེད་པ་ཞིག་མ་ཡིན། འདི་ནི་སྟངས་འཛིན་བྱེད་རྒྱུ་ཡོད་པ་ཞིག་དང་། འཐབ་རྩོད་ཟེར་བ་འདི་ངར་ལངས་ཡག་གཅིག་མ་ཡིན་པར་འདི་ནི་བསམ་བློ་གཟབ་ནན་བཏང་དགོས་པ་གཅིག་རེད། འཐབ་རྩོད་ཟེར་བ་འདི་ངེས་པར་དུ་གཞི་རྒྱ་ཆེན་པོ་དང་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པ་ཞིག་ཀྱང་ཡིན་དགོས་ཀྱི་མེད་ལ། ད་དུང་འདི་ནི་མི་མི་རེ་ངོ་རེའི་ཐོབ་ཐང་དོན་ཐོག་འཁྱོལ་བ་མ་ཟད་བློ་སྟོབས་ཆེན་པོས་འདིར་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། དེ་ཡང་རྒན་འཁོགས་དང་གཞོན་སྐྱེས། ཕྲུ་གུ་ སྐྱེས་པ་དང་བུད་མེད། གྲ་བཙུན་དང་མི་སྐྱ་སོགས་སེམས་ཅན་ཐམས་ཅད་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད།
འཕྲུལ་སྣང་སྟོང་པ་འདི་རྒྱབ་སྐྱུར་བྱེད་པ་ཟེར་བའི་ཕུགས་རེ་དེ་བློས་གཏོང་བྱེད་དགོས་པ་མ་ཡིན། བོད་པའི་གཞོན་སྐྱེས་གཅིག་གིས་བརྗོད་པར། སྤྱི་ལོ་༢༠༠༨ལོའི་ཟླ་༡༡ཚེས་༤ཉིན་ནི་ཁོང་གི་མི་ཚེའི་ནང་གི་མཛེས་སྡུག་ལྡན་པའི་ཉིན་མོ་ཞིག་ཡིན་པ་དང་འོས་ཤོག་དབྱུག་པའི་དབང་ཆ་མེད་ན་ཡང་ཁོང་གིས་Obamaལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་འདི་ཐོབ་པར་དགའ་བསུ་ཞུ་ཡི་ཡོད་པ་གསུང་བྱུང༌། གང་ཡིན་ཞུས་ན་Obamaརྒྱལ་ཁ་ཐོབ་པ་འདི་རྒྱལ་རབས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པས་དངོས་ཡོད་ཀྱི་གནས་ཚུལ་འདིའི་ཁྲོད་ནས་མི་རྣམ་ལ་ར་སྤྲོད་ཐུབ་རྒྱུར་གང་ཡིན་རུང་ཡོང་མི་སྲིད་པ་མེད་པ་དང་དེ་སྔོན་མི་ཚོས་ཡིད་ཆེད་བྱེད་མཁན་མེད་པའི་རྨི་ལམ་འདི་ད་ཆ་མངོན་འགྱུར་ཡོང་གི་ཡོད་པས་དེར་རྟེན་ང་ཚོའི་དེ་རིང་གི་རྨི་ལམ་འདི་སང་ཉིན་མངོན་འགྱུར་བྱེད་ཐུབ་ཀྱི་མ་རེད་དམ། དེ་ལྟ་བུའི་སང་ཉིན་འདི་ངེས་པར་དུ་འཐབ་རྩོད་བྱས་ནས་རགས་པ་བྱེད་དགོས། གལ་ཏེ་མར་སྤྲད་ནས་ཐོབ་ཡག་ཡོད་པ་ཞིག་ལ་ངོས་འཛིན་བྱས་པ་དང་། ཡོད་ཚད་ཐམས་ཅད་མགྱོགས་པོ་ཞིག་དང་སྟབས་བདེ་པོའི་ངང་ནས་མངོན་འགྱུར་ཡོང་ཐབས་མེད་པ་རེད། ཡོད་ཚད་ཐམས་ཅད་མགྱོགས་པོ་དང་སྟབས་བདེ་པོའི་ངང་ནས་གྲུབ་ཐུབ་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ན་འདི་ངེས་པར་དུ་རྒྱབ་སྐྱུར་བྱེད་དགོས་པའི་འཕྲུལ་སྣང་ཞིག་རེད།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།

རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱས་པ།

ཚེས་༡༤དང་༡༥ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ལ་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་དཔོན་རིགས་བཞུགས་པའི་དཔལ་འབྱོར་གྱི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད་པ་དང༌། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་པ་དང་ནིའུ་ཡོག་དང་སྦོ་སི་ཌོན་ནས་ཕེབས་པའི་བོད་པ་ཚོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། img_2066
ལྷག་པར་དུ་རེས་གཟའ་སྤེན་པ་དང་ཚེས་༡༥ཉིན་རྒྱལ་ཁབ་ཉི་ཤུའི་དཔོན་རིགས་ཚོ་རེ་རེ་བཞིན་མོ་ཀྲའི་ཐོག་ཚོགས་འདུར་སྐྱོད་པ་དང་ཉིན་རྒྱབ་ཚོགས་འདུ་མཇུག་སྒྲིལ་ནས་གསོལ་མགྲོན་ཁང་ལ་སྐྱོད་པའི་སྐབས་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ལ་དྲག་གནོན་བྱས་པ་དང་དམག་དཔུང་གིས་མཚོན་ཆ་བེད་སྤྱོད་བཏང་ནས་བོད་མི་དམར་བསོད་བྱས་པའི་གནས་ཚུལ། img_2056 དེ་བཞིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲད་དགོས་པ་སོགས་ཀྱི་སྐད་འབོད་ངོ་རྒོལ་བྱས་པ་ཚང་མ་གསལ་པོ་མཐོང་ཐུབ་པ་བྱུང་ཡོད་ལ། རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ལ་མ་གཏོགས་ངོ་རྒོལ་བྱེད་མཁན་མེད་པ་རེད།
img_20731ད་རེས་ཀྱི་ངོ་རྒོལ་ལས་འགུལ་འདིའི་ཁྲོད་ནས་རྒྱལ་ཁབ་༡༩ཡི་དཔོན་རིགས་ཚོས་ཨ་རིའི་རྒྱལ་སའི་ནང་ནས་བོད་མིའི་སྐད་སྒྲ་འདི་ཐོས་ཐུབ་པ་བྱུང་བ་དང་རྒྱ་ནག་གི་དཔོན་རིགས་ཧུའུ་ཇིང་ཐའོ་ལ་མ་གཏོགས་ངོ་རྒོལ་བྱེད་མཁན་མེད་པས་དེ་མིན་དཔོན་རིགས་ཚོའི་ཁྲོད་ཁོ་པ་ངོ་ཚ་པོ་ཞིག་བྱུང་ཡོད་ངེས་རེད།

img_2077

img_2080

མ་འོངས་བོད་ཀྱི་མདུན་ལམ་ཐོག་གི་ལྟ་ཚུལ་མི་འདྲ་བ།

t1107-td.mp3 གསན་ན།

འོད་ཟེར་གྱི་གླེང་སྟེགས།
རྒྱལ་རབས་ལོ་རྒྱུས་ཐོག་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སེམས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ཚོགས་ཆེན་དེ་རིགས་ཕལ་ཆེར་ཚོགས་མྱོང་མེད། འདི་ནི་དང་ཐོག་རྒྱལ་རབས་ལོ་རྒྱུས་ཐོག་བོད་མི་ཚོ་དུས་ཡུན་རིང་པོ་འདི་འདྲ་ཁ་བྲལ་ཏེ་རྩ་བ་ནས་བསྡད་མྱོང་མེད་པའི་དབང་གི་ཡིན་པ་རེད། བཙན་བྱོལ་ལ་ཡོད་པའི་བོད་མི་འབུམ་གཅིག་ལྷག་ཙམ་གྱི་ངོས་ནས་ཞུས་ན། རི་བོ་ཧི་མ་ལ་ཡའི་ཕྱོགས་ཕ་རོལ་ལ་ཕ་ཡུལ་བོད་འདི་ཡོད་པ་དང༌། ཡང་བོད་ནང་དུ་ལུས་པའི་ས་ཡ་དྲུག་ལ་ཉེ་བའི་བོད་མི་ཚོའི་ངོས་ནས་ཞུས་ན། རི་བོ་ཧི་མ་ལ་ཡའི་ཕྱོགས་ཕ་རོལ་ལ་ཡང་བོད་ཞིག་ཡོད་པ་རེད། དེ་ཆུང་ཆུང་ཡིན་རུང་བོད་ཀྱི་བླ་སྲོག་འདིར་འདུས་ནས་ཡོད། ཟླ་བ་འདིའི་ནང་རིའི་ཕ་རོལ་དུ་བཞུགས་སྒར་རྡ་རམ་ས་ལ་སྟེ་བཙན་བྱོལ་བོད་གཞུང་གནས་ཡུལ་དུ་འཛམ་གླིང་ས་ཕྱོགས་ཁག་ནང་གནས་པའི་བོད་མིའི་ཚོགས་ཆེན་གཅིག་སྐོང་འཚོགས་གནང་ནས་བོད་ཀྱི་མ་འོངས་པའི་འགྲོ་ཕྱོགས་ཐད་བགྲོ་གླེང་གནང་གི་ཡོད་པ་འདི་དུས་རབས་འབྱེད་པའི་བྱ་སྤྱོད་ཞིག་ཡིན་པ་མངོན་གསལ་དོད་པོ་རེད། ཡང་ཟླ་བ་དགུ་པའི་ཟླ་སྟོད་ལ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསལ་སྟོན་གནང་བར་བོད་ཀྱི་གནད་དོན་འདི་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་དང་བོད་ཀྱི་མ་འོངས་པའི་མདུན་ལམ་འདི་བོད་མི་དམངས་ཀྱིས་གཏན་འབེབས་བྱེད་དགོས་ཀྱི་ཡོད་པ་བཀའ་རྩལ་གནང་མྱོང་ཡོད།
བོད་ནང་ཡོད་མཁན་གྱི་བོད་མི་ཞིག་གི་ངོས་ནས་ཞུས་ན་བཙན་དབང་གི་བཙན་གནོན་འོག་ཡོད་པས་ཕྱི་ཕྱོགས་ལ་ཡོད་པའི་བོད་མི་ནང་བཞིན་གང་བསམ་པ་འདི་ལྷུག་པོའི་ངང་བརྗོད་ཐུབ་ཀྱི་མ་རེད། ཡིན་ན་ཡང་དཀའ་སྡུག་འདི་ནས་ཐར་བའི་ཆེད་འཇིགས་སྣང་གི་སྐད་སྒྲ་འདི་སྟོན་ཐུབ་པའི་རེ་བ་བྱེད་བཞིན་ཡོད། བོད་ནང་གི་དེང་རབས་ཤེས་ཡོན་ཅན་ཁག་གཅིག་གི་བསམ་ཚུལ་ཕྱོགས་བསྡོམས་ཞུས་ཡོད་པ་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་འདི་ཏག་ཏག་གནས་ལ་འཁེལ་བ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག ལྟ་དུས་འདི་འདྲ་མ་གནང་དཀའ་མེད་ཡིན་པ་ལྟ་བུ་ཡོད་རུང་། འདི་ནི་མ་འོངས་པར་གྲ་སྒྲིག་དེ་བས་མང་བ་ཞིག་གནང་ཡོད་པ་འདི་ཡིན། མ་འོངས་པར་ལམ་གང་འདྲ་ཞིག་འདེམས་ནས་སྐྱོད་ན་ཡང་ཚང་མ་ནམ་ཡང་མི་འགྱུར་བ་ཞིག་ཡིན་སྲིད་ཀྱི་མ་རེད། ལམ་འདི་མིན་ན་ལམ་གཞན་ཞིག་ཡིན་དགོས་པ་གཅིག་དང་། ཡང་ལམ་གཞན་འདི་མིན་ན་ངེས་པར་དུ་ལམ་འདི་ཡིན་དགོས་པ་ཞིག་མིན་ལ། ལམ་འདི་དང་ལམ་གཞན་ཞིག་དང་ཡང་ན་ལམ་གཞན་ཞིག་དང་ལམ་འདི་ཐ་ན་ལམ་འདི་གཉིས་ཀ་མ་ཡིན་པར་ལམ་སྣ་ཚོགས་འབྲེལ་ནས་ཡོད་པའི་ལམ་བཞི་མདོ་དང་བསྐྱོར་ཟློས་ཡང་ཡོང་སྲིད་པ་རེད། ད་ལྟའི་འཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་གནང་བ་བཞིན་དེ་སྔོན་གྱི་ཞི་བའི་མཐུན་འགྲིག་དང་ཕྱིར་བཤོལ་གཟོད་སྒོམ་གནང་བ་འདི་དོན་ཕན་མ་སོན་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད་པས་དེར་རྟེན་བོད་མི་ཚོས་འདོད་པ་ཡོད་མིན་འདི་མ་ཡིན་པར་དེ་སྔོན་གྱི་ལམ་འདིའི་ཐོག་མུ་མཐུད་སྐྱོད་ཐུབ་ཐབས་མེད་པ་འདི་ཡིན་པ་རེད།
ཨ་མདོའི་དགོན་པ་གཅིག་གི་དགེ་འདུན་པ་བཅུ་གྲངས་ཞིག་ཡོད་པ་ཁོང་རྣམས་ཀྱི་དགུང་གྲངས་ནི་ཉི་ཤུ་ནས་སུམ་བཅུར་སླེབས་མ་སླེབས་ཡིན་པ་རེད། འདི་ལོ་ཟླ་བ་གསུམ་པ་ནས་བཟུང་ཐོན་པའི་ངོ་རྒོལ་གྱི་ལས་འགུལ་ནང་ཁོང་ཚོ་ཚང་མ་འཛིན་བཟུང་བྱེད་མྱོང་ཡོད་ལ། ཉེས་རྡུང་ཕོག་མྱོང་ཡོད་པ་དང་དགེ་འདུན་པ་འགའ་རེའི་ལག་པའི་སྟེང་ཐ་ན་དམག་མི་དང་ཉེན་རྟོག་པས་ལྕགས་རྐུད་ཀྱིས་བསྡམས་པའི་རྨ་རྗེས་ཡང་ཡོད་པ་རེད། ཁོང་ཚོས་གསུར་པར། བོད་མི་ཚོས་དཀའ་སྡུག་འདི་མྱོང་ཡོད་པ་དང་རང་དབང་མེད་པའི་སྡུག་བསྔལ་གྱི་ནང་འཚོ་བ་བསྐྱལ་བཞིན་ཡོད་པ་ཡིན་རུང་ནང་པའི་ཤུལ་འཛིན་པ་ཞིག་གི་ངོས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་འདིར་བརྩི་སྲུང་ཞུ་རྒྱུ་ཡིན། འཚེ་མེད་ཞི་བའི་ཐབས་ལམ་གྱི་ཁྲོད་ནས་བོད་མིའི་ཐོབ་ཐང་ལ་འབད་བརྩོན་ཞུ་རྒྱུ་ཡིན་པས་མ་འོངས་པར་དཀའ་སྡུག་གང་འདྲ་ཞིག་ཡོད་རུང་མུ་མཐུད་དེ་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་དབུ་མའི་ལམ་གྱི་ཐོག་སྐྱོད་དགོས་ཀྱི་རེད་ཅེས་གསུང་བྱུང༌།
ལྟ་ཚུལ་དྲག་པོ་འཛིན་མཁན་ཡང་ཡོད་པའི་ཁྲོད་ནས་ངོས་འཛིན་གནང་བར། ཐོག་མར་སྤྱི་ནོར་༧གོང་ས་སྐབས་མགོན་ཆེན་པོ་མཆོག་ནས་རང་བཙན་གྱི་ལམ་ཐོག་ཕེབས་ཡོད་པ་དང་རྗེས་ལ་རིམ་པས་འགྱུར་བ་བཏང་གནང་ཡོད། ལྷག་པར་དུ་ཏེང་ཤའོ་ཕིང་ནས་རང་བཙན་ཕུད་པའི་དེ་མིན་ག་རེ་ཡིན་རུང་གླེང་ན་ཆོག་ཟེར་བའི་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་ཁྲོད་རང་བཙན་དོར་གནང་བའི་བཀའ་གསལ་པོ་གནང་བ་དང་དུས་མཚུངས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཆེས་མཐོའི་རང་སྐྱོང་གི་འབད་བརྩོན་གནང་ཡོད། ཡིན་ནའི་ལོ་ངོ་སུམ་བཅུ་ལ་ཉེ་བའི་དུས་ཚོད་ནང་འགྱུར་བ་གང་ཡང་ཕྱིན་མེད་པའི་དབང་གིས་ད་ཆ་ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་འདིར་རང་བཙན་གྱི་ལམ་ཐོག་བསྐྱར་དུ་ཕྱིར་ལོག་བྱེད་དགོས་ཀྱི་ཡོད། རྒྱལ་སྤྱིའི་རྒྱབ་སྐྱོར་འདི་དགོས་ངེས་ཞིག་ཡིན་རུང་གལ་འགངས་ཆེ་ཤོས་ནི་བོད་མི་རང་ཉིད་ཀྱི་ངོས་ནས་ལས་འགན་འདི་ཁུར་དགོས་ཀྱི་ཡོད། མི་རིགས་གང་འདྲ་ཞིག་ཡིན་རུང་རང་བཙན་ལ་འབད་བརྩོན་བྱེད་པའི་རྒྱུད་རིམ་ནང་ཁྲག་དང་ཚེ་སྲོག་གི་རིན་ཐང་བཏང་དགོས་ཀྱི་ཡོད། ང་ཚོའི་ངོས་ནས་ཁྲག་དོན་བཅུག་འདོད་མེད་པ་ཡིན་རུང་འདི་ནི་ཐབས་ཤེས་མེད་པ་ཞིག་དང་འདི་ནས་གཡོལ་ཐབས་མེད་པ་ཞིག་རེད། དེར་རྟེན་བོད་ནང་གི་བོད་མི་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་དམིགས་ཡུལ་འདིའི་ཐོག་རང་སྲོག་བློས་བཏང་གི་གྲ་སྒྲིག་ཨང་གསར་བྱེད་དགོས།
རྒྱ་ནག་ཐོག་ཉམས་ཞིབ་བྱེད་མཁན་གྱི་ནུབ་ཕྱོགས་པའི་མཁས་དབང་ནས་ངོས་འཛིན་བྱས་པར། ཕྱོགས་གང་འདྲ་ཞིག་གི་ཐོག་ནས་བོད་ལ་ལྟས་པ་ཡིན་ནའི་མ་འོངས་པའི་དུས་ཚོད་འདི་ཧ་ཅང་གི་ཐབས་སྐྱོ་པོ་ཞིག་མཐོང་གི་འདུག་ཅེས་དང་། འོན་ཀྱང་བོད་པའི་གཞོན་སྐྱེས་ནས་འདིར་དགག་པ་རྒྱབ་དོན་ལ། དངོས་གནས་བྱས་ན་རྒྱ་ནག་གུང་ཁྲན་གཞུང་འདིས་སྟོབས་འབྱོར་ལྡན་པ་ཞིག་ཡིན་དོག་བྱས་པའི་འོག་ལ་ཉེན་ཁ་མང་པོ་ཞིག་སྦས་ནས་ཡོད་པ་འདིར་སྣང་ཆུང་ཤོར་བ་གཅིག་དང་། ཡང་བོད་པ་དང་བོད་ཀྱི་རིག་གཞུང་གི་སྐྱེ་འཕེལ་ནུས་པ་དང་གསར་སྐྲུན་གྱི་ནུས་པ་འདིར་སྣང་ཆུང་ཤོར་བ་ཞིག་རེད། བོད་ཀྱི་གནད་དོན་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མ་ཡིན་པས་ཉིན་ཞིག་༧གོང་ས་མཆོག་དགོངས་པ་ཆོས་དབྱིངས་སུ་ཕེབས་པའི་སྐབས་དེར་བོད་པ་དང་བོད་པའི་རིག་གཞུང་གི་སྐྱེ་འཕེལ་ནུས་པ་དང་གསར་སྐྲུན་གྱི་ནུས་པ་འདི་མེད་པ་ཆགས་རྒྱུ་མ་ཡིན་པས་༧གོང་ས་མཆོག་བསྐྱར་དུ་ཡང་སྲིད་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་བོད་མི་ཚོས་ཀྱང་ནང་ཆོས་ཀྱི་བསམ་པའི་སྙིང་བཅུད་འདུས་པའི་བོད་ཀྱི་རིག་གཞུང་འདིའི་བསམ་པ་བཅོལ་ཡུལ་ཁྲོད་ནས་མུ་མཐུད་འབད་བརྩོན་བྱེད་རྒྱུ་རེད། གང་འདྲ་ཡིན་རུང་བོད་མི་ཚོས་འབད་བརྩོན་བྱེད་པའི་རང་དབང་གྱི་ལམ་བུ་འདི་དཀའ་སྡུག་ཚད་མེད་ཡོད་རུང་འདིས་མ་འོངས་པའི་དུས་ཚོད་དེ་ཧ་ཅང་གི་ཐབས་སྐྱོ་པོ་ཞིག་ཡིན་པ་མངོན་གྱི་མེད། ཐབས་སྐྱོ་རུ་སྐྱོ་རུ་ཕྱིན་པའི་དབང་དུ་བཏང་ན་ཡང་ང་ཚོ་བོད་པ་ཚོ་དེ་རྩིས་ཀྱི་ཕམ་ཉེས་ཀྱི་ཁྲོད་ནས་སྙིང་སྟོབས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
ཡང་དོན་ཕན་རྩ་བ་ནས་མེད་པའི་ལྟ་ཚུལ་ཞིག་ནི་ལམ་གང་འདྲ་ཞིག་གི་ཐོག་ལ་སྐྱོད་པ་ཡིན་རུང་། དབུ་མའི་ལམ་ཡིན་ན་ཡང་འདྲ། རང་བཙན་གྱི་ལམ་ཡིན་ན་ཡང་འདྲ། ལྟ་དུས་འདི་གཉིས་མིག་མདུན་གྱི་འདེམས་ཁ་ཡིན་པ་ལྟ་བུ་ཡོད། ཡིན་ནའི་ནུས་པ་ཐོན་རྒྱུ་མེད་པའི་འདེམས་ཁ་ཞིག་ཡིན་པ་རེད། གང་ཡིན་ཞུས་ན། རྒྱ་ནག་གི་དབང་འཛིན་འོག་ལམ་འདི་གཉིས་ཀ་སྐྱོད་ཐབས་དཀའ་བས་རང་བཞིན་གྱི་འགྱུར་བ་ལ་བསྟུན་རྒྱུ་རང་རེད།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།

གཞུང་དྲང་བའི་བོད་རིག་པའི་མཁས་དབང་དང་མཁས་པ་རྣམས་ལ་གུད་བསྟུད་ཞུ་རྒྱུ་ཡིན།

t1024-td.mp3 གསན་ན།
འོད་ཟེར་གྱི་གླེང་སྟེགས།
ཟླ་བ་གསུམ་པའི་ནང་འཛམ་གླིང་མི་དམངས་ཀྱིས་གངས་ལྗོངས་ས་མཐོའི་ས་གནས་ཁག་ནང་ཐོན་པའི་བོད་མིའི་ངོ་རྒོལ་འདི་རྣམས་དངོས་སུ་མཐོང་ཡོད་པ་དང༌། ཡང་བོད་ནང་གི་མང་ཚོགས་ཚོར་འདིའི་རྐྱེན་གྱིས་གཞུང་ཕྱོགས་ནས་དྲག་གནོན་ནན་པོ་བྱས་ཡོད་ལ། གྲངས་ཚད་གསལ་པོ་ཞུ་ཡག་མེད་པའི་ཐོག་འཛིན་བཟུང་ཁྲིམས་གཅོད་བྱས་པ་དང་དེ་བཞིན་མི་མི་ཉུང་བ་ཞིག་ལ་རྨས་སྐྱོན་ཕོག་པ་འདི་ནི་དངོས་གནས་མི་སྤྱོད་ཀྱི་གནོད་འཚེ་ཚབས་ཆེན་ཞིག་ཡིན་པ་རེད༌། དེའི་ནང་རྒྱ་ནག་གི་ཤེས་ལྡན་མི་སྣ་ཚུད་པའི་རྒྱལ་སྤྱིའི་ཐོག་གི་གཞུང་དྲང་བའི་མི་སྣ་ཚོས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐོག་དོ་ནན་གྱི་ཐག་གཅོད་དགོས་པའི་འབོད་སྐུལ་ཞུས་པ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། ལྷག་པར་དུ་འདིར་ཞུ་དགོས་པ་གཅིག་ལ་ཟླ་༣ཚེས་༢༧ཉིན་རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་བོད་རིག་པའི་མཁས་དབང་དང་མཁས་པ་མི་སྣ་༧༥ཡི་ཐུན་མོང་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ལ་ཕྱག་བྲིས་ཞིག་ཕུལ་ཡོད་པས་ཡང་ཉིན་གསུམ་གྱི་ནང་འཛམ་གླིང་ས་ཕྱོགས་ཁག་ནང་གི་ཤེས་ཡོན་མི་སྣ༢༧༠ཡིས་འདིར་དང་ལེན་ཞུས་པ་མ་ཟད་མཚན་རྟགས་ཡང་བཀོད་ཡོད་པ་རེད།
beijing-tib-studies1 ཚིག་འཐུང་ལ་ཚིག་སྦྱོར་སྙན་ཞིང་མཛེས་པའི་མཚན་རྟགས་བཀོད་པའི་ཡི་གེ་དེའི་ནང་འདི་འདྲ་ཞིག་འཁོད་ཡོད་པ་སྟེ། རིག་གནས་པ་ཞིག་གི་ངོས་ནས་ཞུས་ན་ང་ཚོས་བོད་ཀྱི་དཔལ་ཡོན་དར་བའི་རིག་གཞུང་འདིར་ཞིབ་འཇུག་བྱེད་ཡག་འདི་རིག་གཞུང་གཅིག་པོའི་བརྗོད་གཞིའི་སྟེང་ནས་མ་ཡིན་པར་དེ་བས་འདི་ནི་མི་ཚོགས་གཅིག་གི་དམིགས་བསལ་རིག་གཞུང་ཞིག་དང་གསོན་པར་མཐོང་རྒྱུ་ཡོད་པའི་ཉམས་ལེན་དངོས་ཞིག་ཡིན་པ་རེད་ལ། ཡང་འཛམ་གླིང་གི་དཔལ་ཡོན་དར་བའི་ནང་གི་རྩ་ཆེའི་ཁོངས་གཏོགས་གཅིག་ཡིན་པ་རེད། དེར་རྟེན་ང་ཚོས་དེ་ཉིད་དུ་ཐོན་པའི་གནས་སྟངས་འདིར་སེམས་ཚབས་ཧ་ཅང་ཆེན་པོ་འདུག ད་ལྟ་མིག་མདུན་ཐོན་པའི་བོད་ཀྱི་གནས་ཚུལ་དེ་ཚོས་ང་ཚོ་མུ་མཐུད་ཁ་ཁུ་སིམ་པོའི་ངང་སྡོད་ཐབས་བྲལ་སོང༌། ང་ཚོའི་ཆེད་ལས་ནི་བོད་ཀྱི་འདས་པ་དང་ད་ལྟའི་གནས་སྟངས། རིག་གཞུང་དང་སྤྱི་ཚོགས་སོགས་ལ་རྒྱུས་མངའ་ཤེས་རྟོགས་བྱེད་རྒྱུ་འདི་ཡིན་པས་ཉེ་ཆར་བྱུང་བའི་དོན་རྐྱེན་གྱི་འཕེལ་རིམ་ལ་ལྟས་ན་ང་ཚོས་ཤུགས་ངྲག་ཆེན་པོའི་ཐོག་ནས་ངོ་རྒོལ་གྱི་སྐད་སྒྲ་འདི་མ་སྟོན་རང་སྟོན་བྱུང་སོང་ཅེས་འཁོད་ཡོད།
beijing-tib-studies2 མཚན་རྟོགས་བཀོད་རྒྱུའི་ལས་འགུལ་དེ་རིགས་སྤེལ་བ་དང་མཚན་རྟགས་བཀོད་ཡག་གི་ཡི་གེ་འདིར་མཚན་རྟགས་བཀོད་པར་བློ་སྟོབས་ཆེན་པོ་ཞིག་བཏོན་དགོས་ཀྱི་ཡོད། མཚན་རྟགས་བཀོད་མཁན་ཧ་ལམ་ཚང་མ་རྒྱ་ནག་གི་ཕྱི་ལ་ཡོད་པའི་འཛམ་གླིང་ས་ཕྱོགས་ཁག་ནས་ཡིན་ན་ཡང༌དབང་འཛིན་པས་རང་ཉིད་ཀྱི་ལག་པའི་ནང་ཡོད་པའི་མི་དམངས་ཚོར་ཁ་གཏད་བཅག་པ་ནང་བཞིན་ཁོང་ཚོ་གོ་རྒྱུ་ཚོར་རྒྱུ་མེད་པ་བཟོ་ཐུབ་རྒྱུ་མིན་ན་ཡང་རྫིག་ཉམས་དང་དངངས་སྐྲགས་སློང་ཐུབ་ཀྱི་ཡོད། གང་ལྟར་མཚན་རྟོགས་བཀོད་མཁན་ཚོའི་ལས་དོན་དང་རྒྱ་ནག་གི་དབང་འཛིན་འོག་གནས་པའི་བོད་ཀྱི་ས་གནས་ཁག་དབར་འབྲེལ་བར་དམ་གཟབ་ཡོད་པ་རེད། དེར་རྟེན་ཁོང་ཚོར་ཕོག་པའི་རྡུང་རྡེག་དང་བཏང་འཛིན་འདི་ཚང་མས་མཁྱེན་གསལ་རེད། དངོས་གནས་བྱས་ན་འདི་འདྲའི་ཉེན་ཁ་ནི་སྔ་ས་ནས་ཡོད་པས་དེར་རྟེན་མི་འགའ་རེས་རྟག་ཏུ་ལངས་ཕྱོགས་གསལ་པོ་མེད་པའི་རྣམ་པ་ཞིག་འཛིན་པ་མ་ཟད། ད་དུང་ལྷགས་ཕྱོགས་ལ་བསྟུན་ནས་གྲུ་བཏང་བ་བཞིན་འཚོ་ཐབས་བྱེད་མཁན་ཡོད་པ་རྒྱུན་དུ་ནས་མཐོང་རྒྱུ་ཡོད་པ་དེའི་ནང་ནས་ཁེ་ཕན་ལེན་པ་དང་ཡང་ན་རང་ཉིད་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་ཀྱི་ཡོད། དགོད་དྲོ་ཤོས་ནི་བོད་ལ་རྒྱུས་མངའ་ཡོད་ཟེར་མཁན་ཡིན་ན་ཡང་འདྲ་ཡང་རྒྱ་ནག་ལ་རྒྱུས་མངའ་ཡོད་ཟེར་མཁན་ཡིན་ན་ཡང་འདྲ་མི་འགའ་རེས་རྒྱ་ནག་གི་དབང་སྡེམ་རང་གཤིས་འདིར་རྒྱུས་མངའ་ཡོད་པ་རང་བསྟོད་བྱས་ནས་སྲིད་གཞུང་འདི་གཡོ་སྒྱུ་ཚ་ཞིང་ཚོད་མི་ཐིག་པ་ཞིག་དང་འགྱུར་ལྡོག་ཆེ་བའི་ཕྲུ་གུ་ནང་བཞིན་ཞིག་ལ་དཔེ་བཞག་ནས་ལུས་པོའི་ནུས་ཤུགས་ཡོད་ཚད་འདོན་ཏེ་བྱེད་ཐབས་སྣ་ཚོགས་ཀྱི་སྟེང་ནས་སྲིད་གཞུང་འདིར་མགོ་སྐོར་ཏེ་ཁ་ཏ་བསླབ་བྱ་བྱེད་དགོས་ཀྱི་ཡོད་པར་ངོས་འཛིན་བྱས་པའི་ཐོག་གཤིས་བརྒྱུད་ཡག་པོ་ཞིག་རྒྱུན་མཁྱོངས་བྱེད་ཐུབ་པའི་ཐབས་ལམ་ཀྱི་ཁྲོད་ནས་འདི་ལྟ་བུའི་རང་ཉིད་ཀྱི་དམིགས་ཡུལ་གྲུབ་ཐུབ་པ་དང་རང་ཉིད་ལ་ཁེ་ཕན་རགས་ཐུབ་པ་བྱེད་ཀྱི་ཡོད། དངོས་གནས་ཞུས་ན་འདིས་ཁ་གཏད་ལ་དྲེགས་ཉམས་ཆེན་པོ་ཞིག་མིན་པར་དེ་ལས་ལྡོག་སྟེ་རང་ཉིད་ལ་དམའ་འབེབས་བྱས་པ་རང་རེད།
ཉེ་ཆར་པེ་ཅིང་ལ་སྐབས་བཞི་པའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་འདི་སྐོང་ཚོགས་བྱས་ཡོད་པ་དང༌། གཙོ་གཉེར་བྱེད་མཁན་ནི་རྒྱ་ནག་གི་བོད་དང་འབྲེལ་ཡོད་ཀྱི་གནད་དོན་ཐོག་མགྲིན་ཚབ་པ་དོན་མཁན་ནས་ཚོགས་འདུའི་སྒོ་ཚུགས་མཛད་སྒོའི་ཐོག་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་མཁས་པ་ཁག་འདིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་པ་བརྗོད་ཡོད། རྒྱ་ནག་གི་བོད་དང་འབྲེལ་བའི་དྲ་རྒྱའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚོགས་འདུར་ཕེབས་མཁན་ནང་རྒྱལ་ཁབ་༡༦གི་མཁས་པ་༤༦ཡོད་པ་དང་ཧོང་ཀོང་དང་ཐེ་ཝན་ནས་མཁས་པ་༡༡མཉམ་བཞུགས་བྱས་ཡོད་པ། ཡང་པེ་ཅིང་དང་ཞིང་ཆེན་ལྔའི་བོད་ཀྱི་ས་ཁུལ་ནས་མཁས་པ་༡༦༣མཉམ་བཞུགས་གནང་ཡོད་པ་རེད་འདུག གུས་མོས་ཤེས་རྟོགས་བྱུང་བར། ད་རེས་གདན་ཞུ་བྱས་པའི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་མཁས་པའི་ཁོངས་སུ་ཟླ་བ་གསུམ་པའི་ནང་མཚན་རྟགས་བཀོད་མྱོང་ཡོད་པའི་མི་སྣ་གཅིག་ཀྱང་གདན་ཞུས་བྱས་མེད་པ་དང༌། སྔ་ས་ནས་གདན་ཞུ་བྱས་ཚར་བ་དང་ཡང་ན་གདན་ཞུ་བྱ་རྩིས་ཡོད་པ་ཚོ་ཡང་གནད་དོན་དེས་རྐྱེན་པས་གདན་ཞུ་ཁག་ཕྱིར་འཐེན་བྱས་ཡོད་པ་རེད། རྒྱལ་ནང་གི་ཚོགས་འདུར་མཉམ་བཞུགས་བྱེད་མཁན་བོད་རྒྱ་མི་རིགས་ཀྱི་མཁས་དབང་དང་མཁས་པ་ཁྱོན་༡༦༣ཡོད་པ་ཚོ་བརྗིད་རྔམ་ཆེན་དོག་ཡོད་པ་ཡིན་རུང༌། འདི་ལོ་ཟླ་བ་གསུམ་པའི་ནང་འདི་ལྟ་བུའི་རྒྱལ་རབས་ལོ་རྒྱུས་ཀྱི་དོན་རྐྱེན་ཐོན་ཡོད་པའི་ཁྲོད་ཚང་མས་སྐད་སྒྲ་གང་ཡང་སྟོན་མེད་པ་དང་བྱིན་ཆགས་པ་ཞིག་མིན་འདུག་ཟེར་ན་མི་ཆོག་པ་དང་ཡང་མི་ཚོས་འདིར་བློ་ཕམ་ཡོང་གི་མ་རེད་ཟེར་ན་ཡང་ཆོག་གི་མེད། དེའི་ཁྲོད་ནས་རྟག་རྟག་དབང་སྡེམ་པས་བསྡུ་ལེན་དང་བཅོས་སྒྲིག དེ་བཞིན་དབང་སྡེམ་པའི་གཡོག་པོ་ཞིག་བྱེད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་འདི་གསལ་པོ་མངོན་གྱི་ཡོད་པ་རེད།
beijing-tib-studies3ཟླ་བ་བདུན་ཙམ་ཕྱིན་ཚར་བའི་ས་ཡིག་འཁོད་པའི་ཡི་གེ་འདིར་བསྐྱར་དུ་བསམ་བློ་བཏང་སྐབས་སེམས་གཏིང་ནས་འདི་ནི་རིན་ཐང་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་པ་ཚོར་གྱི་འདུག དབྱིན་ཇིའི་རྩོམ་པ་པོ་ཝང་འརདའ་ནས་འདི་འདྲ་ཞིག་གསུང་མྱོང་ཡོད་པ་སྟེ། མི་ཆོས་ལ་ནན་འཛིན་མི་བྱེད་མཁན་གྱིས་གནད་དོན་རེ་རེའི་རིན་གོང་འདི་ཤེས་པ་ལས་གནད་དོན་གཅིག་གི་རིན་ཐང་འདི་ཤེས་ཀྱི་མེད་པ་རེད་ཟེར་བ་འདི་དང༌ཡང་དེང་སྐབས་ཀྱི་མི་ཚུལ་རིང་ལུགས་ཀྱི་མཁས་དབང་ཟཡིརྡ་ནས་གསུང་པར། དམིགས་བསལ་གྱི་ལས་འགན་ཞིག་གི་ཐོག་ནས་རང་ཉིད་ཀྱི་སྤྱི་ཚོགས་ཐོག་ནས་ཆགས་པ་ཞིག་དང་དབང་ཆ་སྤྲད་ཡུལ་གྱི་དབང་ཤུགས་འདིར་སྐད་ཆ་བཤད་དགོས་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། གང་ཡིན་ཞུས་ན། དབང་ཤུགས་འདི་ཚོས་ངེས་པར་དུ་སྤྱི་ཚོགས་ཀྱི་སྤྱི་འབངས་ལ་གསལ་བཤད་གཅིག་དགོས་པ་དང་ལྷག་པར་དུ་དབང་ཤུགས་འདི་ཚོ་མངོན་གསལ་དོད་པོས་འོས་མཚམས་མེད་པ་དང་སྤྱོད་ངན་གྱི་དམག་འཁྲུག་ནང་བེད་སྤྱོད་བཏང་བ། ཡང་ན་མཐོང་ཆུང་དང་གཉའ་གནོན། དེ་བཞིན་མཉམ་རུབ་ཀྱི་ཡ་ང་སྙིང་རྗེ་མེད་པའི་བསམ་ངན་ཁོག་བཅངས་ཀྱི་ཐོག་བེད་སྤྱོད་བཏང་གི་ཡོད་ཅེས་བརྗོད་མྱོང་། མིང་དོན་མཚུངས་པའི་ཤེས་ཡོན་ཅན་ཞིག་ཡིན་ན་དུས་དང་རྣམ་པ་ཀུན་ཏུ་དབང་ཤུགས་ཀྱི་ཁ་གཏད་དུ་ལངས་རྒྱུ་ཡིན་པ་དང་ལྷག་པར་དུ་ཁ་ལོ་སྒྱུར་མི་ཐུབ་པའི་དབང་འཛིན་སྲིད་གཞུང་གི་ཁ་གཏད་ལ་ལངས་རྒྱུ་ཡིན་པ་རེད། རང་ཉིད་ཀྱི་དད་སེམས་འདིར་དམིགས་ནས་སྐད་སྒྲ་སྟོན་ནས་དབང་ཤུགས་ཕྱོགས་ལ་དངོས་ཡོད་གནས་ཚུལ་བརྗོད་དགོས་པ་ལས་དབང་ཤུགས་ཀྱི་ཕྱོགས་ནས་འཇམ་རྩུབ་སྣ་ཚོགས་བེད་སྤྱད་དེ་གནོན་ཤུགས་སྤྲད་པ་འདིར་མགོ་བོ་སྒུར་པ་དང་བཤད་ཚད་ཉན་པ་སོགས་བྱེད་རྒྱུ་མེད། དེས་མིན་ན་ཁ་ཁུ་སིམ་པར་ངག་བསྡམས་པ་དང་ངན་པར་རོགས་སྡེབ་བྱས་པ་རང་རེད།
དེར་རྟེན་ཟླ་བ་གསུམ་པའི་ནང་གཟི་བརྗིད་ཆེ་བའི་མི་སྤྱོད་རིང་ལུགས་ཀྱི་སྙིང་སྟོབས་བཅངས་ཏེ་དཀའ་སྡུག་མྱོང་བཞིན་ཡོད་པའི་བོད་མི་ཚོའི་ཆེད་དབང་སྡེམ་པར་བློ་སྟོབས་ཆེན་པོའི་སྐད་སྒྲ་སྟོན་མཁན་གྱི་གཞུང་དྲང་བའི་བོད་རིག་པའི་མཁས་དབང་དང་མཁས་པ་རྣམས་ལ་བླ་ན་མེད་པའི་གུས་བཀུར་ཞུ་རྒྱུ་ཡིན།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།

གོང་གི་འདྲ་པར་འདི་རྣམས་བོད་ལྗོངས་ཆ་འཕྲིན་དྲ་གནས་ནས་ལེན།

བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ལ་བཏང་བའི་ཡི་གེ།

སྲིད་འཛིན་ཧུའུ་ཅིན་ཐོ་མཆོག་དང་འབྲེལ་ཡོད་མགོ་ཁྲིད་རྣམ་པར་

རང་ཉིད་ཀྱི་དཀའ་ངལ་ངོ་མའི་ཁྲོད་ནས་རེ་འབོད་ཞུས་པ།

ང་རང་བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོའི་ལྟེ་གནས་སྟེ།བོད་མི་ཀུན་གྱི་སེམས་ཁོང་གི་དག་པའི་ཞིང་དུ་གྱུར་བའི་དབུས་ཀྱི་གདན་ས་སེ་འབྲས་ཀྱི་སློབ་གཉེར་བ་ཧ་ཅང་དཀྱུས་མ་ཞིག་ཡིན་པ་དང༌།རང་གི་མཐོང་ཐོས་མྱོང་གསུམ་དུ་གྱུར་བའི་ད་ལྟའི་བོད་ཀྱི་དགོན་སྡེ་དག་གི་དཀའ་ངལ་ཁག་ཅིག་དྲང་བོའི་ལམ་ནས་ཞུ་་འདོད་བྱུང༌།དེ་ནི་རང་ཉིད་རྒྱལ་ཁབ་ཀྱི་སྤྱི་འབངས་ཞིག་དང་ཁྱེད་རྣམས་ནི་སྤྱི་འབངས་ཀྱི་ཆེད་དུ་ཕྱག་ལས་གནང་བའི་དབུ་ཁྲིད་ཡིན་པའི་རྒྱུ་མཚན་གྱིས་ཡིན།

གསུམ་བཅུ་བཞིའི་དོན་རྐྱེན་གྱི་འགན་འཁྲི་ཡོད་ཚད་ང་ཚོའི་ཡིན་ནམ།

དེ་ཡང་ད་ལོའི་ཟླ་གསུམ་པའི་ནང་ལྷ་ས་གཙོ་བྱས་ཏེ་བོད་ཀྱི་ས་ཁུལ་གང་སར་ཟིང་འཁྲུགས་ལངས་ཤིང་ཡིད་སྐྱོ་བའི་དོན་རྐྱེན་རབས་དང་རིམ་པས་ཟིང་འཁྲུགས་ལངས་མཁན་དང་ལངས་ཡུལ་ཚང་མར་རྒྱུ་ནོར་དང་ཚེ་སྲོག་གི་གྱོང་གུད་ཆེན་པོ་ཕོགའདི་ལྟ་བུའི་དོན་རྐྱེན་གྱི་འབྱུང་རྩ་ནི་གོང་རིམ་ནས་བཤད་པ་ལྟར་མཐའ་གཅིག་ཏུ་ཁ་བྲལ་རིང་ལུགས་པས་བཀོད་འདོམས་འོག་ནས་སྤེལ་བ་རེད་ཅེས་པ་ནི་ཧ་ཅང་ཆ་མི་ཚང་བ་ཞིག་ཏུ་སེམས།གང་ཡིན་ཟེར་ན་ལྟ་ཚུལ་དེ་ནི་ངན་ཁག་ཡོད་ཚད་ཨུ་ཚུགས་ཀྱིས་བོད་མི་རྣམས་ལ་དཀྲི་བའི་འགན་མ་ཁུར་བའི་བྱ་སྤྱོད་ཅིག་ཏུ་རྒྱལ་ནང་གི་ཤེས་ཡོན་ཅན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་ཡོངས་ཁྱབ་ཡིན་པ་དེ་རེད།ཁ་བྲལ་རིང་ལུགས་པས་དོན་དངོས་ཀྱིས་བོད་མི་དམངས་ཀྱི་གནས་བབ་ལ་སེམས་ཁུར་མི་བྱེད་པར་ཁོང་ཚོའི་ཁེ་ཕན་གྱི་ཆེད་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་མི་མང་ལ་བཀོད་འདོམས་བྱེད་ཆོག་ཆོག་ཅིག་དང་བོད་རིགས་མི་མང་ཡང་ཀྲུང་གུང་སྲིད་གཞུང་གིས་བཤད་པ་ལྟར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་དགའ་སྐྱིད་ཀྱི་འཚོ་བར་ཅི་མི་སྙམ་པར་ཐ་ན་རང་སྲོག་ཀྱང་འབེན་ལ་བཙུགས་ནས་འདི་ལྟར་ཁ་བྲལ་གྱི་བྱ་སྤྱོད་སྤེལ་ཆོག་ཆོག་ཅིག་ཅིའི་ཕྱིར་ཡོང་དགོས་པ་ཡིན་ནམ།མ་ཟད་ད་རེས་ཀྱི་ཟིང་འཁྲུགས་འདིའི་མགོ་འདྲེན་མཁན་ནི་ཏཱ་ལའི་བླ་མའི་སྐུལ་སློང་འོག་བོད་ནང་གི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གཙོས་པའི་གྲྭ་བ་རྣམས་ཡིན་པར་སྲིད་གཞུང་གིས་བཤད་ཀྱིན་འདུག་མོད།དོན་དངོས་ནི་དེ་ལས་ལྡོག་སྟེ་ང་ཚོའི་ཉིན་རེའི་འཚོ་བའི་ནང་མྱོང་བཞིན་པའི་ཕྱིའི་རྣམ་པ་འདྲ་ཆགས་པོ་དང༌།བཙན་སྐུལ།ཞེ་སྣང༌།འགོག་སྡོམ་སོགས་ཀྱི་མནར་གཅོད་ལས་གྲུབ་པའི་ཨུ་ཐུག་པའི་འབྲས་བུ་ཞིག་སྟེ།རང་དབང་གི་འབོད་སྒྲ་རེད།གདན་སར་རྒྱུན་རིང་འཚོ་བཞུགས་གནང་བའི་དཔེ་ཆ་བ་རྒན་རབས་རྣམས་དང་ལྷག་ཏུ་སློབ་གཉེར་བ་གྲྭ་མང་གི་བསམ་བློར།ཐེངས་འདིའི་ཁྲོམ་སྐོར་རམ་ཡང་ན་སྔར་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་དག་གི་རྒྱུ་རྐྱེན་ལ་ཕྱོགས་གཉིས་ནས་ལྟ་གི་ཡོད་དེ།

སློབ་གཉེར་བར་ཐུབ་ཚོད་དང་བཙན་གྱིས་ཕྱིར་འབུད་བཏང་བ།

གྲྭ་བ་ཞིག་ལ་མཚོན་ན་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་བྱེད་རྒྱུ་ནི་རང་གི་ཕུགས་འདུན་འཚོལ་བའི་ ཐབས་ལམ་ཉག་ཅིག་ཡིན་ཅིང༌།དེ་ཡང་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ནང་གསལ་བ་ལྟར་དུ་ང་ཚོར་མཚོན་ན་དུས་དེང་སང་ཡང་སློབ་གཉེར་ཀྱི་མཐུན་རྐྱེན་ཡག་ཤོས་ནི་གདན་ས་སེ་འབྲས་དགེ་གསུམ་ལྟ་བུས་མཚོན་སྲོལ་རྒྱུན་གྱི་སློབ་གསོའི་རྨང་ཟབ་བའི་དགོན་སྡེ་ཆེ་གྲས་ཁག་ཡིན་པ་རེད།འོན་ཀྱང་དེ་ལྟ་བུའི་དགོན་སྡེ་ཆེ་གྲས་རྣམས་སུ་སློབ་གཉེར་བྱེད་རྒྱུར་ཐག་ཉེ་རིང་གི་གྲྭ་བ་སུ་ཞིག་ཡིན་རུང་སྲིད་གཞུང་གི་ཚོད་བཀག་ཐེབས་ཡོད་པས་གོ་སྐབས་ཤིན་ཏུ་ཕྲ་ཞིང༌།དེར་ཡོད་སློབ་གཉེར་བ་ཉུང་ངུ་དེ་ཙམ་ལའང་བསྡད་ཆོག་མི་ཆོག་སྐོར་གྱི་བཀའ་ཁྱབ་གཏོང་བ་དང་ཐ་ན་ལས་བྱེད་ཡོང་ནས་ཉལ་ཆས་སོགས་གྲྭ་ཤག་ནས་ཕྱིར་བཏོན་སྟེ་དགོན་པར་བསྡད་མི་ཆོག་པའི་ལས་འགུལ་རབས་དང་རིམ་པ་སྤེལ་བའང་ཐེངས་གཅིག་ག་ལ་ཡིན།དཔེར་ན་དབུས་ཀྱི་གདན་ས་སེ་འབྲས་དགེ་གསུམ་དང༌།ཁམས་གསེར་རྟ་བླ་རུང་དགོན།ཨ་མདོའི་རྔ་བ་ཀིརྟི་དགོན་སོགས་སུ་གནས་ཚུལ་འདི་འདྲ་ཐེངས་མང་ལ་བྱུང་ཡོད་པ་རེད། དེ་དང་འདྲ་བར་སྲིད་གཞུང་གིས་ཆེད་ མངགས་བཏང་བའི་དགོན་པའི་མངགས་གཏོང་ཁང་གི་ལས་བྱེད་རྣམས་དུས་ངེས་མེད་དུ་གྲྭ་ཤག་སོ་སོར་ལྟ་ཞིབ་ལ་ཡོང་ཞིང༌།ཁོང་ཚོས་ཚོད་ཚོད་ལ་གྲྭ་བའི་སྡོད་ཁང་སྔོག་བཤེར་བྱེད་པ་མ་ཟད།སྟན་ཐོག་དང་ཐ་ན་ཉལ་ཆས་ཐོག་ཏུ་ཡང་ལྷམ་གོན་བཞིན་འགྲོ་འོང་བྱེད་པ་ལྟ་བུས་མཚོན་ང་ཚོར་སུན་གཙེར་དང་ཁྱད་གསོད་གང་མང་གཏོང་བཞིན་པ་རེད།

བླ་སློབ་ཀྱི་ཆོས་འབྲེལ་དང་བཙན་གྱིས་བླ་མར་ངོ་རྒོལ་བྱེད་བཅུག་པ།

འདི་འམ་འདི་དང་ཆ་འདྲ་བའི་ལས་དོན་གང་མང་ལས་གཞན་ཞིག་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བའི་ལས་འགུལ་ཟེར་བ་དེ་རེད།སྤྱིར་རྒྱལ་ཁབ་ཀྱི་སྤྱི་འབངས་ཞིག་དང་ཆོས་ལུགས་མི་སྣ་ཞིག་གི་ངོས་ནས་རྒྱལ་ཁབ་ལ་གཅེས་པ་དང་ཆོས་ལུགས་ལ་དགའ་བ་ནི་ཆེས་རྒྱུན་ལྡན་གྱི་འཚོ་བའི་གྲུབ་ཆ་ཞིག་ཡིན་མོད།སྲིད་གཞུང་གིས་ང་ཚོའི་དད་མོས་ལ་སྲུང་སྐྱོབ་བྱེད་རྒྱུ་ཕར་ཞོག་བརྩི་འཇོག་ཙམ་ཡང་མེད་པར་ཐད་ཀར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་བྱེད་དགོས་པའི་བཙན་བཀའ་བཏང་འོག་གྲྭ་མང་གི་སེམས་ཁམས་ཟང་ཟིང་བཟོས་ཤིང༌།དེ་ལས་ཀྱང་གྲྭ་བ་མི་ཉུང་བ་ཞིག་གིས་ངོ་རྒོལ་གྱི་ཡི་གེ་མ་བྲིས་སྟབས་དགོན་པ་ནས་ཕྱིར་ཕུད་བཏང་བ་ཐེངས་གང་མང་ལ་བྱུང༌།ཤུགས་རྐྱེན་དེ་ལྟ་བུས་ཆོས་དད་མང་ཚོགས་ཀྱི་སེམས་ངོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་བྱེད་ནི་བསམ་བཞིན་དུ་རང་ཅག་གི་དད་མོས་དང་སློབ་སྦྱོང་གི་གོ་སྐབས་ལ་གཏོར་བརླག་གཏོང་མཁན་ཞིག་ཏུ་མཐོང་གི་ཡོད།༧གོང་ས་ཏཱ་ལའི་བླ་མ་ནི་ཅི་ཞིག་ཡིན་ནམ།ཡང་ན་ཁོང་དང་ང་ཚོའི་འབྲེལ་བ་ནི་ཅི་ཞིག་ཡིན་ནམ།ཁོང་ནི་འཕགས་པ་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བའི་དགེ་སློང་ཞིག་སྟེ།སྐྱེ་བ་ནས་ཚེ་རབས་ཀུན་ཏུ་མིའི་རྣམ་པས་འགྲོ་བ་སེམས་ཅན་སྤྱི་དང་ལྷག་ཏུ་ཉམ་ཐག་པའི་བོད་མི་རྣམས་ཀྱི་དྭངས་གཙང་སེམས་པའི་གཏིང་དུ་ཤེས་རབ་དང་བྱམས་བརྩེ་ཡི་བདུད་རྩི་འཇོ་བར་བྱེད་པའི་རྒྱལ་བ་ཡིད་བཞིན་ནོར་བུ་རེད།རེད་ཡ་བོད་མིའི་ངག་རྒྱུན་ཁྲོད་དུ་ཡིད་བཞིན་ནོར་བུ་ཡོད་ཚེ་དེ་ལ་བརྟེན་ནས་རང་གི་རེ་འདོད་ཐམས་ཅད་ལྷུན་གྱིས་འགྲུབ་ཐུབ་པར་བཤད།ཁོང་ནི་དངོས་ནས་རྒྱལ་བ་ཡིད་བཞིན་ནོར་བུ་སྟེ།ཏཱ་ལའི་བླ་མ་རེད།སྲིད་གཞུང་གིས་ཅིའི་ཕྱིར་ཨུ་ཚུགས་དང་བཙན་ཤུགས་ཁོ་ནས་ང་ཚོར་༧གོང་ས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་དུ་བཅུག་པ་ཡིན་ནམ།ཅིའི་ཕྱིར་ང་ཚོའི་དད་མོས་ལ་འདི་ལྟར་རྡོག་རྫིས་གཏོང་དགོས་པ་ཡིན་ནམ།ཅིའི་ཕྱིར་ང་ཚོའི་ཆོས་སློབ་སྦྱོང་གི་མཐུན་རྐྱེན་ལ་དངོས་ཤུགས་གང་རུང་གིས་བར་ཆད་གཏོང་བ་ཡིན་ནམ།

རིག་གསར་སྔོན་གྱི་སེ་འབྲས་དགེ་གསུམ་གྱི་གནས་སྟངས།

ཉུང་མཐར་ཡང་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་དགོན་སྡེའི་སློབ་གསོ་ནི། བོད་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་ལྟེ་གནས་ཡིན་ཞིང༌།ཀྱག་ཀྱོག་གི་ལོ་རྒྱུས་རིང་མོ་བརྒྱུད་ད་ལྟའི་བར་མུ་མཐུད་དུ་གནས་ཡོད་ལ།དེ་ནི་དངོས་པོའི་དཔལ་ཡོན་ཐད་ཧ་ཅང་རྗེས་ལུས་ཡིན་པའི་མི་རིགས་འདིའི་སེམས་ཀྱི་ནོར་བུ་ལྟ་བུར་གྱུར་ཡོད།ལྷག་ཏུ་ཨ་མདོའི་ཡུལ་དུ་སྐུ་འཁྲུངས་ཤིང་བོད་དབུས་སུ་སློབ་གཉེར་ལ་ཕེབས་པའི་རྗེ་ཙོང་ཁ་བ་ཆེན་པོའི་ཤུགས་རྐྱེན་ལས་བོད་ཀྱི་ཆོས་ལུགས་དང་རིག་གནས་འཕེལ་རྒྱས་ལ་སྔར་མེད་ཀྱི་སྐུལ་འདེད་ཐེབས་ཤིང༌།རང་གི་དགེ་རྒན་ལ་དད་པ་དང༌།དགེ་རྒན་ལས་ཀྱང་བདེན་དོན་ལ་དད་པའི་ཁོང་གི་དཔྱོད་ཤེས་ཟབ་མོས་ལོ་ངོ་བདུན་བརྒྱ་ལྷག་གི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་རིན་ཐང་ལ་ཕྱིར་རྟོག་ཟབ་མོ་བགྱིས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་རྒྱ་གར་མཁས་པའི་ཟབ་གསུང་དཔང་ལ་བཞག་ནས་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་མྱོང་བ་ཁྱད་པར་ཅན་ཐོབ་པའི་བློ་བཟང་རྒྱལ་བའི་བསྟན་པ་ཞེས་རི་བོ་དགེ་ལུགས་པའི་གྲུབ་མཐའ་འདི་བྱུང་ཞིང༌།མཁས་པ་དང་གྲུབ་པའི་གོ་འཕང་བརྙེས་པའི་ཁོང་དང་ཁོང་གི་དངོས་སློབ་རྣམས་ཀྱིས་གདན་ས་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས་གསར་འདེབས་མཛད་ནས་བོད་ཀྱི་རིག་གནས་ལ་སྐུལ་འདེད་ཆེན་པོ་ཐེབས་པ་ནི།དུས་ད་ལྟ་ཡང་གདན་ས་སེ་འབྲས་དགེ་གསུམ་ཞེས་སྐད་གྲགས་ཆེ་བ་བོད་ཙམ་མ་ཡིན་པར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་པ་བཞིན་ནོ།
དབུས་ཀྱི་གདན་ས་སེ་འབྲས་དགེ་གསུམ་འདི་བཞིན་བོད་ཀྱི་དགོན་སྡེའི་སློབ་གསོ་ལ་ཤུགས་རྐྱེན་ཆེ་བ་ནི་དབུས་གཙང་གི་ཕྱོགས་གཅིག་བུ་མ་ཡིན་ཏེ།དཔེར་ན།ཨ་མདོའི་ཕྱོགས་སུ་སྐད་གྲགས་ཆེ་བའི་དགོན་ཆེན་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་པ་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་   མཆོག་ལྷ་སའི་འབྲས་སྤུངས་དགོན་དུ་སློབ་གཉེར་བ་གནང་བ་དང༌།དེ་བཞིན་ད་ལྟ་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་ཨ་མདོ་རྔ་བ་ཀིརྟི་དགོན་ཆེན་ཕྱག་འདེབས་པ་པོ་ཀིརྟི་སྐྱབས་མགོན་མཆོག་ཀྱང་འབྲས་སྤུངས་དགོན་དུ་སློབ་གཉེར་གནང་བ་དང༌།ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་རེབ་གོང་རོང་བོ་ དགོན་ཆེན་ཕྱག་བཏབ་པ་པོ་ཤར་སྐལ་ལྡན་རྒྱ་མཚོ་མཆོག་དབུས་ཀྱི་གདན་ས་ཆེན་པོ་དགའ་ལྡན་དགོན་དུ་སློབ་གཉེར་གནང་བ་སོགས་ཀྱིས་མཚོན་པའི།མདོར་ན་བོད་རིགས་འདུས་སྡོད་བྱེད་པའི་ས་གནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་གྲགས་ཅན་དང་བླ་མ་གྲགས་ཅན༌།མཁས་དབང་གྲགས་ཅན་ཕལ་ཆེ་བའི་སློབ་གཉེར་གནང་ས་གཙོ་བོ་ནི་གདན་ས་སེ་འབྲས་དགེ་གསུམ་འདི་ཆགས་ཡོད་ལ།ད་དུང་འདིར་སློབ་གཉེར་ལ་ཕེབས་མཁན་གྲུབ་མཐའི་དབང་དུ་བྱས་ཀྱང་དགེ་ལུགས་པ་ཁོ་ན་ཙམ་མིན་པར།ས་སྐྱ། བཀའ་བརྒྱུད།རྙིང་མ།ཇོ་ནང༌།གཡུང་དྲུང་བོན་དང་བཅས་པའི་རིས་མེད་ཀྱི་བླ་སྤྲུལ་དང་དགེ་འདུན་པ་རྣམས་ཕེབས་བཞིན་པ་རེད།(འདིར་གདན་ས་སེ་འབྲས་དགེ་གསུམ་ནི་རང་ཉིད་ལོ་ངོ་དུ་མའི་རིང་སློབ་སྦྱོང་བྱས་ཏེ་སྡད་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་མཚན་གཞིར་བགྲང་བ་ཙམ་ལས་བོད་མདོ་དབུས་ཁམས་གསུམ་དུ་གནས་པའི་གྲུབ་མཐའ་གཞན་དང་གཞན་གྱི་དགོན་སྡེ་ཁག་ལའང་དཀའ་ངལ་འདི་འཕྲད་བཞིན་པ་ནི་གཅིག་མཚུངས་རེད།)

དོན་དམ་པའི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་དགོས།

འདི་ལྟ་བུའི་སྲོལ་རྒྱུན་གྱི་རྒྱབ་ལྗོངས་མཐུག་ལ།ཆོས་དད་ཆེ་བའི་བོད་རིགས་མི་དམངས་ཀྱི་དངོས་ཡོད་ཁེ་ཕན་དང་མཐུན་པའི་ལམ་སྲོལ་འདི་དག་སྣང་མེད་དུ་བཞག་ནས་སྤྱིར་གྲྭ་བཙུན་དང་ལྷག་ཏུ་གྲྭ་བཙུན་སློབ་གཉེར་བ་ཚོད་འཛིན་དང་ཕྱིར་འབུད་བྱེད་པ་ནི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཉིད་ཁ་བཤད་ཙམ་ལས་དོན་ཐོག་ཏུ་འཁྱོལ་ཐུབ་ཀྱི་མེད་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བཞིན་ཡོད།ཐེངས་འདིའི་གསུམ་བཅུ་བཞིའི་དོན་རྐྱེན་འོག་བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་སའི་ལྟེ་གནས་དབུས་ཀྱི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དུ་མཚན་གུང་མེ་མདའ་སོགས་དྲག་པོའི་གོ་མཚོན་ཐོགས་པའི་དམག་མི་ཁྲི་སྟོང་མང་པོ་བཙན་གྱིས་འཛུལ་ཡོང་ནས་ཁང་ཚན་དང་གྲྭ་ཤག་ཡོངས་རྫོགས་ཀྱི་སྒོ་བཅགགྲྭ་བ་ཚང་མ་རང་རང་གི་ཤག་ནས་སྒོར་ཕུད་དེ་སྔོག་བཤེར་བྱས་འདུག་ལ།༧གོང་ས་མཆོག་གི་སྐུ་པར་དང་གཞན་གསེར་དངུལ་གྱི་མཆོད་ཆས་ལག་ཁྱེར་ཁ་པར་ལག་ཁྱེར་རྩིས་འཁོར་དངུལ་སྒོར་སོགས་བོར་བརླགས་བྱུང་བ་མང་པོ་འདུག ད་དུང་བོད་ཀྱི་ས་གནས་གཞན་དག་ཏུ་༧གོང་ས་མཆོག་གི་སྐུ་པར་ཡོངས་རྫོགས་ཕྲོགས་སྟེ་དགོན་འདབས་ཀྱི་ཐང་ཆེན་ཞིག་ལ་བཀྲམ་ནས་དམག་མི་རྣམས་དེའི་སྟེང་རྡོག་རྫིས་བྱེད་ཀྱིན་གཤར་སོང་ཟེར།གཞན་ཡ་མཚན་པ་ཞིག་ནི་གྲྭ་བ་ཁག་ཅིག་གི་ཐབ་ཚང་ནང་གི་ཚལ་གཏུབ་བྱེད་ཀྱི་གྲི་ཡང་ཁྱེར་འགྲོ་གི་འདུག་ལ།རྗེས་སུ་ཤེས་རྟོགས་བྱུང་བར་དེ་ནི་ང་ཚོ་གཏུམ་སྤྱོད་པར་བསྒྲུབ་རྒྱུའི་དཔང་རྟགས་ལ་ཁྱེར་བ་ཡིན་འདུགདེ་ལྟར་གྲྭ་བར་གཅར་རྡུང་ཚུན་བཏང་ནས་འཛིན་བཟུང་བྱས་ཤིང་ཟླ་དྲུག་ལྷག་གི་བཀག་སྡོམ་འོག་གཞི་ནས་གློད་གྲོལ་ཙམ་བཏང་ཡོད་ཀྱང་ཕྱིར་རང་རང་གི་སློབ་གཉེར་བྱེད་སའི་གདན་ས་ཁག་ཏུ་འགྲོ་མི་ཆོག་པ་བཟོས།ད་དུང་བཙོན་ཁང་དུ་ཡོད་སྐབས་གྲྭ་བ་རྣམས་ཀྱིས་ང་ཚོ་གནས་འདིར་ཅི་ཙམ་འདུག་དགོས་ཀྱང་སྐྱོན་མི་འདུགང་ཚོ་ཕྱིར་རང་རང་གི་སློབ་གཉེར་བྱེད་སའི་གདན་སར་གཏོང་རོགས་ཞེས་ཅི་ཙམ་ཞུ་འབོད་དང་སྙན་ཞུ་ཕུལ་ཀྱང་ཆུ་ནང་ལ་རྡོ་འཕངས་བ་བཞིན་གྲགས་འགུལ་ཅི་ཡང་མ་བྱུང༌།བོད་ཀྱི་ཁ་རྒྱུན་ལ་Ÿབོད་རེ་བས་ཕོངས།རྒྱ་དོགས་པས་ཕོངས།ཟེར་བ་ཅིས་མ་བདེན།འདི་ལྟར་སྐྱབས་མེད་འཚོ་མེད་ཀྱི་གྲྭ་རྐྱང་སྟོང་ཕྲག་ལྷག་གློ་བུར་དུ་སོ་སོའི་མི་ཚེའི་གཞུང་ལམ་སྟེང་ནས་འཇིགས་སྣང་དང་དཀའ་སྡུག་མྱ་ངན་འོག་ནས་བགྲོད་མཚམས་འཇོག་དགོས་ཐུག་སོང༌།སེ་འབྲས་ནས་དམག་མིའི་འཇུ་བཟུང་འོག་ཅ་དངོས་གཞན་ལྟ་ཅི་རྐང་མགོའི་ལྷམ་ཡང་གོན་དབང་མ་བྱིན་པར་འདྲུད་ལྷམ་ཙམ་གོན་ཡོད་པའི་གྲྭ་བ་དེ་དག་ད་གང་དུ་འགྲོ་དགོས་སམ།སོ་སོའི་ཕ་ཡུལ་དུ་དགོན་པ་མེད་ལ་གལ་སྲིད་ཡོད་ཀྱང་སློབ་གཉེར་བྱེད་ས་མེད་པ་དང༌།ཐ་ན་རང་གི་ཁྱིམ་མི་ཉེ་འབྲེལ་རྣམས་རྐྱེན་དབང་དུ་ཤོར་བས་རང་ཉིད་གཞི་རྟེན་སའི་ཡུལ་མི་དང་དགོན་པ་གང་ཡང་མེད་པའི་གྲྭ་རྐྱང་དེ་དག་ད་གང་དུ་འགྲོ

བོད་བརྒྱུད་ནང་བསྟན་འདི་གནས་པ་དང་འཕེལ་བ་ལ་ཁྲིམས་ལུགས་ཀྱིས་

འགོག་རྐྱེན་བཟོ་མི་རུང་བ་མ་ཟད་རྒྱབ་སྐྱོར་བྱེད་དགོས།

ཤེས་ཡོན་བརྡ་འཕྲིན་གྱི་དུས་རབས་འདིར་བོད་ཀྱི་གྲྭ་བ་རྣམས་ལའང་རང་ཡུལ་ནས་རང་གི་རེ་འདོད་ལྟར་ཤེས་ཡོན་སློབ་གསོ་ཐོབ་པར་འགལ་རྐྱེན་བྱེད་མི་རུང་བ་མ་ཟད་ཡོངས་ཁྱབ་ཀྱི་སྒོ་ནས་ཆ་རྐྱེན་བསྐྲུན་དགོས།དེ་ཡང་ཆེ་ཕྱོགས་ནས་སྲིད་གཞུང་གི་ལས་ཀ་བྱེད་སྟངས་ལས་ཐོབ་དགོས་པའི་རྣམ་གྲངས་ཁག་ཅིག་སྟེ། གཅིགའཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་འདིས་མི་གྲངས་ཉུང་ཞིང་ས་རྒྱ་ཆེ་བའི་བོད་རིགས་འདི་མི་གྲངས་ཐད་ནས་ཉེན་ཁར་གཏད་ཡོད་པ་མ་ཟད།ཆོས་ལུགས་རྒྱུན་འཛིན་པ་གྲྭ་གྲངས་ཐད་ལའང་རང་ཤུགས་ཀྱིས་ཚོད་འཛིན་ཐེབས་ཡོད།གཉིས།ལོ་ན་བཅོ་བརྒྱད་ལ་མ་སོན་པར་གྲྭ་བ་བྱས་མི་ཆོག་པའི་བཅའ་ཁྲིམས་དེས་ཆོས་ལུགས་མི་སྣའི་སྒོ་ལམ་གཅིག་བཀག་ཡོད།གསུམ།ནང་བསྟན་སློབ་སྦྱོང་གི་ཁོར་ཡུག་ལེགས་པའི་དགོན་སྡེ་གྲགས་ཅན་རྣམས་སུ་གྲྭ་གྲངས་ཚོད་འཛིན་གྱིས་སློབ་སྦྱོང་ལ་སྐོམ་པ་ཆུ་འདོད་ལྟར་རེ་བའི་གྲྭ་བ་མང་པོར་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱི་མེད་པ།དེ་ལས་ལྡོག་སྟེ་ཆོས་དད་རང་མོས་ཡོད་པའི་རྟགས་མཚན་དུ་མི་རྣམས་ཕྱག་འཚལ་བ་དང་སྐོར་བར་འགྲོ་བ།དར་ལྕོག་འཛུགས་ཆོག་པ(སྲིད་གཞུང་གིས་བཏོན་པའིལོ་རྒྱུས་ཀྱི་ཐོག་ནས་བོད་ལ་བལྟ་བ་ཞེས་པའི་འོད་སྡེར་དུ་གསལ)སོགས་བགྲང་བ་ནི་ཕྱི་ཚུལ་ཙམ་ནས་གཞན་མགོ་སྐོར་བའི་ཚབ་ལ་རང་གི་དེ་ཉིད་སྟོན་པ་ལས།རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ངོ་མར་ཕན་ཐོགས་པའི་ལས་ཤིག་མིན་པར་སེམས་སོ།ནང་བསྟན་ཆོས་ལུགས་ཀྱི་རྗེས་འཛིན་མི་སྣ་ལོ་ཆུང་རྣམས་དགོན་པར་ཞུགས་དཀའ་བ།ཞུགས་ཟིན་ཀྱང་སློབ་སྦྱོང་གི་གོ་སྐབས་ཐོབ་དཀའ་བ་སོགས་ཆོས་ལུགས་ལས་རིགས་ཀྱི་རྨང་གཞིའི་ལམ་ཁ་ཉིན་རེ་བཞིན་དོག་ནས་དོག་ཏུ་འགྲོ་བཞིན་མོད།གོང་ནས་དགོན་སྡེ་ཉམས་གསོ་ཞེས་ལྷ་ཁང་ཁག་ཅིག་བསྐྱར་གསོ་བྱེད་པ་དང༌།དགེ་བཤེས་ལྷ་རམས་བཏང་བ་སོགས་བྱ་འགུལ་སྣེ་མང་སྤེལ་བཞིན་པ་ནི་ཕྱིའི་རྣམ་པ་ཙམ་ལས།དེས་ཟབ་ཅིང་བརླིང་བའི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་འདི་རྒྱུན་འཛིན་དང་དར་སྤེལ་ལ་ཁེག་ཐེག་བྱེད་ཐུབ་པའི་ངེས་པ་གཏན་ནས་མེད། རིག་གསར་སྔོན་གྱི་གྲྭ་གྲངས་ལས་ལྡབ་བཅུ་ལྷག་མར་ཆག་པའི་ད་ལྟ་སེ་འབྲས་དགེ་གསུམ་ལ་མཚོན་ན།སེ་རར་སྔོན་མའི་གྲྭ་གྲངས་9900ད་ལྟ850ལྷག་ཙམ་ཡོད་པ་དང༌།འབྲས་སྤུངས་སུ་སྔོན་མའི་གྲྭ་གྲངས་10000ལྷག་ལས་ད་ལྟ་1400མ་ཟིན་ཙམ།དགའ་ལྡན་གྱི་སྔོན་མའི་གྲྭ་གྲངས་5400དང་ད་ལྟ་400མ་ཟིན་ཙམ་ཡོད།སྲིད་གཞུང་གིས་བཤད་པའི་ད་ལྟའི་བོད་ཀྱི་གྲྭ་བའི་གྲངས་འབོར་ལ་ཁྱོན་བསྡོམས་74500ཙམ་ཡོད་དང༌།ཆོས་ལུགས་བྱེད་སྒོ་སྤེལ་ས་ཆིག་སྟོང་བདུན་བརྒྱ་ལྷག་ཡོད་ཟེར།འདི་བོད་རང་སྐྱོངས་ལྗོངས་གཅིག་པུའི་གྲངས་འབོར་རེད།ས་གནས་ཀྱི་གྲྭ་བའི་གྲངས་འབོར་དང་བསྡུར་ན་བརྒྱ་ཆའི་བཅུ་ཙམ་ལའང་ཆོས་སློབ་སྦྱོང་གི་གོ་སྐབས་ཐོབ་ཐུབ་ཀྱི་མེད་པས།ཆོས་ཀྱི་གཞུང་ལུགས་མི་ཤེས་པའི་གྲྭ་བས་ཇི་ལྟར་ཆོས་ལུགས་འདི་རྒྱུན་འཛིན་དར་སྤེལ་བྱེད་དགོས་སམ།ཇི་ལྟར་ཆོས་ལུགས་འདི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་བར་བྱེད་དགོས་སམ། །

བོད་ཀྱི་དགོན་སྡེ་ནི་ནང་ཆོས་སྒོམ་སྒྲུབ་བྱེད་སའི་ལྟེ་གནས་ཡིན་པ།

སྲིད་གཞུང་ནས་མ་དངུལ་འབོར་ཆེན་བཏང་སྟེ་དགོན་སྡེ་ཉམས་གསོ་བྱས་དང་བྱེད་བཞིན་པ་ནི་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་ཡིན་ཞིང༌།དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི་དོན་དམ་པར་དགོན་པའི་སློབ་གསོའི་ཕྱོགས་ལ་ཕན་པའི་ལས་དོན་ལ་མཐུན་རྐྱེན་བསྒྲུབ་རྒྱུ་དང་འགལ་རྐྱེན་མི་བྱེད་རྒྱུ་ནི་ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཀྱི་འོད་མདངས་གཞི་རིམ་དམངས་ཚོགས་ཀྱི་འཚོ་བ་དངོས་ནང་དུ་འཕྲོ་བའི་དན་རྟགས་སུ་རེ་སྒུག་བྱས་ནས་འདུག་རྒྱུ་ཡིན།
བོད་ཀྱི་དགོན་སྡེ་ནི་རིག་དངོས་སྲུངསྐྱོབ་སྡེ་ཁག་ཙམ་དུ་ངོས་བཟུང་ན་ཚད་ཆེས་དམའ་རིམ་ལ་ཤོར་བ་སྟེ། དེ་ལྟར་ན་དགོན་པ་གནས་དགོས་པའི་ཆ་རྐྱེན་མེད་སོང་བ་མ་ཟད་དང་པོར་འཛུགས་པའི་དགོས་པ་དང་ཡང་ལྡོག་ཕྱོགས་སུ་ཕྱིན་པ་རེད།དགོན་སྡེ་ཞིག་འཛུགས་པའི་དགོས་པ་ནི་གང་ཡིན་ནམ།སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་གསུང་དང་དེ་ལ་རྒྱ་གར་གྱི་ཚད་དང་ལྡན་པའི་ནང་བའི་མཁས་དབང་རྒྱན་དྲུག་མཆོག་གཉིས་གཙོས་མཁས་གྲུབ་དམ་པ་དུ་མས་གསལ་བར་མཛད་པ་ལ།བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གྱིས་བརྒྱན་པའི་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་སྙིང་དོན“ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་”ཟབ་བརླིང་གི་གཞུང་ལུགས་ལ་སློབ་སྦྱོང་དང་དེ་ཚུལ་བཞིན་དུ་ཉམས་སུ་ལེན་པའི་མི་སྣ་སྐྱེད་བསྲིང་བྱེད་སའི་སྒོམ་སྒྲུབ་ལྟེ་གནས་སམ་སྲོལ་རྒྱུན་གྱི་སློབ་གྲྭ་སྟེ།དར་ལྕོག་འཛུགས་པ་དང་ཕྱག་འཚལ་སྐོར་གསུམ་བྱེད་པ།དེ་བཞིན་ལྷ་སྐུ་དང་ལྷ་ཁང་བཞེངས་པ་ལྟ་བུའི་བོད་བརྒྱུད་ནང་བསྟན་གྱི་ཆ་ཤས་ནང་གི་ཡང་ཤས་སུ་གྱུར་བའི་ཕྱིའི་ཟང་ཟིང་གི་རྣམ་པ་འདི་དག་གིས་བོད་བརྒྱུད་ནང་བསྟན་དེ་ཉིད་གནས་པ་དང་འཕེལ་བ་གཏན་ནས་མཚོན་མི་ཐུབ།དེ་ལྟར་དགོན་སྡེ་ནི་རིག་དངོས་སྲུང་སྐྱོབ་དང་གཞན་པའི་ལྟ་སྐོར་བྱེད་ས་ཙམ་དུ་ཟད་ན་དགོན་པ་དགོས་མཁོ་མེད་པར་སྲིད་གཞུང་གི་རིག་དངོས་བཤམས་མཛོད་ཁང་གིས་མི་ཆོག་པ་ཅི་ཞིག་ཡོད་དམ།

འཁྱོག་བརྗོད་དང་མི་རིགས་ཁ་བྲལ་དུ་གཏོང་བའི་ནག་ཉེས།

དེ་བཞིན་༣.༡༤དོན་རྐྱེན་ཁྲོད་གྲྭ་ཆས་གྱོན་པའི་མི་འགའ་ཐོན་པ་དེ་གཞི་བྱས་ནས་རྒྱལ་ནང་ཙམ་དུ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནང་གཞུང་འབྲེལ་གྱི་གསར་ལམ་བརྒྱུད་བོད་ཀྱི་གྲྭ་བས་རྡུང་གཅོག་ཕྲོག་སྲེག་བྱས་སོང་ཞེས་ཁྱབ་བསྒྲགས་བྱས་པ་དེར་དངོས་ནས་བློ་ཕམ་ཆེན་པོ་བྱུང༌།དཔེར་ན།སྤྱི་ཟླ༣ཚེས་༡༠དང་༡༡་་་་་་་་༡༢སོགས་ལ་སེ་འབྲས་ཀྱི་གདན་ས་ཁག་ནས་གྲྭ་མང་གིས་ཞི་བའི་སྐད་འབོད་བྱེད་སྐབས་དྲག་པོའི་གོ་མཚོན་ཐོགས་པའི་དམག་མི་ཁྲི་སྟོང་མང་པོས་གྲྭ་བ་རྣམས་རུབ་སྐོར་རྒྱབ་སྟེ་དུག་རླངས་བཏང་བ་དང་གཅར་རྡུང་ཕོགས་པ་སོགས་ཟུར་ཙམ་ཡང་མཐོང་རྒྱུ་མེད་པར་གྲྭ་མང་ཁྲོད་དམག་མིས་དུག་རླངས་གཏོར་བར་གྲྭ་བ་རྣམས་ཀྱིས་དུག་སེལ་ཕྱིར་རང་སྟེང་ལ་ཆུ་གཏོར་བའི་པར་ཞིག་ལ་རྫུན་བཟོ་བྱས་ཏེ་གྲྭ་བས་དམག་མིའི་སྟེང་ཆུ་ཁོལ་བཤོལ་སོང་ཞེས་དང༌།དྲག་པོའི་གོ་མཚོན་གྱིས་འཇིགས་ཟིལ་ངོམས་པར་འུ་ཐུག་ཐབས་ཟད་ཀྱིས་ལག་ཏུ་རྡོ་ཁྱེར་བའི་མི་རེ་ཟུང་ཡོད་པ་དེ་རྒྱལ་ཕྱི་རྒྱལ་ནང་དུ་ལོག་འགྲེལ་གྱིས་གཏུམ་སྤྱོད་ཅན་དུ་འཁྱོག་བརྗོད་བྱས་པ་སོགས་ཀྱིས་མཚོན་༣.༡༤ཡི་གནས་ཚུལ་མང་པོ་ཞིག་ལའང་དེ་བཞིན་འཁྱོག་བརྗོད་བྱས་ཤིང༌།གཡོ་འཕྲུལ་ཆེ་བ་དང་མིག་རྒྱང་ཐུང་བའི་བྱ་བྱེད་དག་ནི་དངོས་ནས་ཧང་སང་དགོས་པ་དང་ཡིད་ཐང་ཆད་པ་ཞིག་ཡིན་མོད།འོན་ཀྱང་ལོ་རྒྱུས་ཀྱིས་ཡོད་ཚད་གསལ་བོར་བཟོ་ངེས་པས་དེ་ནི་གནས་སྐབས་ཙམ་དུ་ཟད།གོ་ཐོས་ལ་ད་ལྟ་རྒྱལ་ནང་གི་གྲོང་ཁྱེར་ཁག་གི་རླངས་འཁོར་ནང་འགྲུལ་བསྐྱོད་བྱེད་དུས་གྲྭ་བ་དང་ཐ་ན་བོད་མི་ཞིག་ཡིན་ཚེ་འཁྲིས་ཀྱི་རྒྱ་མི་ཚང་མ་རླངས་འཁོར་ནས་བབ་འགྲོ་ཟེར།ངོ་མ།སྲིད་གཞུང་ངམ་དེའི་དྲིལ་བསྒྲགས་མི་སྣ་སྟེ།རྒྱུ་འབྲས་བློ་མིག་ཐེད་ལ་བོར་བའི་སྒེར་གཅོད་པ་དག་གི་འཁྱོག་བརྗོད་ཇི་འདྲའི་ཤུགས་ཆེ་ཨང༌།གཞུང་དྲང་བརྩོན་སེམས་ཅན་གྱི་ཀྲུང་གོའི་མི་དམངས་དུང་ཕྱིར་མང་པོ་དུས་གཅིག་ལ་འདི་ལྟར་མགོ་སྐོར་གཏོང་ཐུབ་པ་རེད།དུས་རྒྱུན་དུ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་སྲུང་སྐྱོང་གི་འབོད་སྒྲ་སུན་སུན་བར་སྒྲོག་བཞིན་སྒྲོག་བཞིན་ཅི་ཞིག་གི་དགོས་མཁོའི་ཆེད་དུ་རང་གི་མི་དམངས་དང་མི་དམངས་བར་ལ་རྫུན་བཟོས་ཀྱིས་བྱ་སྤྱོད་འདི་ལྟར་སྤེལ་བ་ནི་ཁ་ཙམ་ལས་དོན་དམ་པར་མི་རིགས་ཁ་བྲལ་ཏུ་བཏང་བ་མ་ཡིན་ནམ།

སྲིད་གཞུང་གིས་མི་མང་ལ་ཁ་ནས་རེ་བ་འདོན་པ་ཙམ་ལས་ལག་ལེན་གྱི་

ཐོག་ནས་རེ་བ་དེ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་དགོས།

དེང་འདིར་ཆོས་ལུགས་ལས་རིགས་ཁག་ལ་སྲིད་གཞུང་གིས་བསྐྱར་ནན་གྱིས་རེ་བ་ཅིག་འདོན་བཞིན་པ་ནི།ཆོས་ལུགས་འདི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་ཡོང་བ་བྱེད་དགོས་ཞེས་པ་དེ་རེད།དེ་ནི་དངོས་ནས་ལྟ་ཚུལ་ཡག་པོ་ཞིག་རེད་བསམ།རིག་གཞུང་གང་ཞིག་ཡིན་ཀྱང་སྤྱི་ཚོགས་ཀྱི་ཞབས་ཞུ་དང་ཁ་བྲལ་ཚེ་དོན་སྙིང་གིས་སྟོང་ཞིང་ཆོས་ལུགས་འདི་ཡང་སྤྱི་ཚོགས་ཀྱི་ཆེད་དུ་གནས་པ་དང་འཕེལ་བས་དུས་རབས་སམ་སྤྱི་ཚོགས་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ནས་འགྲོ་རྒྱུ་ཆོས་ལུགས་ལས་རིགས་རང་ཉིད་ཀྱི་མདུན་ལམ་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད།རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་ཡང་ཐུག་ཡོད་པ་རེད།འོན་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་མཐུན་དགོས་ཞེས་ཁ་གཡང་ཙམ་གྱིས་མི་ཡོང་བར་ཆོས་ལུགས་མི་སྣར་དོན་དམ་པའི་ཆོས་སློབ་སྦྱོང་ངམ་ཆོས་དད་རང་དབང་སྤྲོད་རྒྱུ་ནི་གོང་གི་ཁ་གཡང་དེ་དོན་དངོས་སུ་འགྱུར་ཐུབ་མིན་གྱི་འགག་རྩར་ཐུག་ཡོད་པས།འབྲེལ་ཡོད་མགོ་ཁྲིད་རྣམ་པས་དོན་དངོས་ལ་ལྟ་བ་དང༌།གཟིགས་རྒྱང་རིང་བོས།དུས་རབས་ཉེར་གཅིག་པའི་ཀྲུང་དབྱང་གི་གུ་ཡངས་སྲིད་ཇུས་ཀྱི་ཉི་འོད་ངེད་ཅག་གི་གྲང་ཤུར་ཤུར་ཀྱི་འཚོ་བ་དངོས་ཀྱི་ནང་དུ་གང་མགྱོགས་ཀྱིས་ཤར་རྒྱུར་རེ་སྒུག་བྱས་ཡོད།མཐར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བརྟན་ལྷིང་དང༌།མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཉམས་པ་མེད་པར་སྨོན།རང་དབང་གི་ཉི་ཟེར་དྲོན་མོ་ཀྲུང་གོའི་ས་གཞི་ཡོང་ལ་འཕྲོས་པར་སྨོན། །

གོང་དུ་རང་དང་རང་འདྲའི་མི་ཁྲི་སྟོང་མང་པོས་དངོས་སུ་མྱོང་བཞིན་པའི་དཀའ་ངལ་འདི་དག་ནི་ཁ་ཁོག་མེད་པར་དྲང་བོའི་ངག་གིས་རྒྱུན་དུ་མི་མང་གི་ཆེད་དུ་ལས་ཀ་བྱེད་བཞིན་པའི་གོང་རིམ་དབུ་ཁྲིད་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན་ལ།ཞུ་ཡིག་འདིས་གཞི་རིམ་གྱི་ང་ཚོའི་འཚོ་བ་དངོས་ནང་གི་དཀའ་ངལ་ཁག་ཅིག་མཐོང་ཐུབ་པའི་རེ་བ་ཡོད།འོན་ཀྱང་རང་ཉིད་མི་ལོ་17བར་དུ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་དང༌།སྦྱང་བའི་ཡོན་ཏན་ཉུང་ཁར་ལྷན་སྐྱེས་ཀྱི་ཤེས་རབ་ཞན་པས།ཞུ་མ་ཤེས་པའམ་ཞུ་འདོད་པའི་སེམས་ཀྱི་སྐད་ཆ་ཡིག་ངོར་ཇི་བཞིན་འབྲི་མ་ཐུབ་པ་དང༌།ཡང་ན་གཞི་རིམ་གྱི་མི་སེར་དཀྱུས་མ་ཞིག་གི་ལྟ་ཚུལ་ཙམ་ཡིན་པས་མཐོ་རིམ་དབུ་ཁྲིད་དག་གི་གཟིགས་ངོར་བཤད་ཐལ་ཆེ་བ་སོགས།མདོར་ན་ཁྱེད་དབུ་ཁྲིད་རྣམ་པའི་དགོངས་པ་དང་མི་མཐུན་རིགས་ཡོད་ཚེ་དགོངས་འཆར་གནང་རྒྱུ་བཅས།
སྤྱི་ལོ2008-10-7/ཉིན་གུས་པ་དགེ་འདུན་གྱིས་ཕུལ། ། བཀྲ་ཤིས་བདེ་ལེགས།

དེ་རིང་གི་ཉིན་མོ།

༡༩༤༧ལོའི་ཟླ་༡༠ཚེས་༢༧ཉིན་རྒྱ་གར་དང་པ་ཀི་སི་ཐན་དབར་ཁའར་ཤི་མིར་ཡའི་བདག་དབང་གི་གནད་དོན་ལས་དྲག་པོའི་གདོང་ཐུག་བྱུང་བ་རེད།
༡༩༠༤ལོའི་ཟླ་༡༠ཚེས་༢༧ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ལ་ས་འོག་རི་ལིའི་ལྕགས་ལམ་དབྱིན་ལི་དགུ་ཙམ་ཞིག་བཟོ་སྐྲུན་ཟིན་པའི་རྟེན་འབྲེལ་བྱས་ཤིང་ལྕགས་ལམ་བཟོ་སྐྲུན་ལས་འགོ་དེ་༡༩༠༠ལོའི་ཟླ་བ་གསུམ་པར་འགོ་བཙུགས་པ་རེད།
(འཇམ་དཔལ་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང༌།)

སྐུ་ཉིད་ཟིན་བྲིས་དོ་རྭ་འདིའི་ནང་ཕེབས་པར་དགའ་བསུ་ཞུ།

༄༅༎ཉིན་ལྟར་ངས་དུས་ཚོད་མང་པོ་ཞིག་གནས་འཕྲིན་དྲ་རྒྱའི་ཐོག་བཏང་གི་ཡོད་ལ།འདིའི་ཁྲོད་ནས་ཕན་
ཚུན་འབྲེལ་ལམ་དང་གསར་འགྱུར་ལ་སོགས་རང་ཉིད་ཀྱི་ཤེས་འདོད་ཡོད་པའི་གནས་ཚུལ་མང་པོ་ཞིག་འཚོལ་
ཞིབ་ཀྱིས་རིག་འཛོད་འཕྲུལ་སྤྱད་འདི་བཞིན་ངའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཞིག་ཆགས་བཞག
དེ་དང་དུས་མཚུངས་རང་ཉིད་ཡང་གསར་འགྱུར་གྱི་ལས་རིགས་ཐོག་ཡོད་མཁན་ཞིག་གི་ངོས་ནས་ཉིན་ལྟར་
གནས་ཚུལ་མི་འདྲ་བའི་སྟེང་བགྲོ་གླེང་བྱེད་ཀྱི་ཡོད་པ་དང་མཚམས་རེ་ལེ་ཚན་བཟོས་ཚར་པའི་རྗེས་དེ་རིང་
ལེ་ཚན་ནང་ཕེབས་མཁན་གྱི་སྐུ་མགྲོན་དང་ཞལ་པར་གནང་མཁན་གྱི་མི་སྣ་ཚོས་གསུང་པའི་བཀའ་མོལ་ལ་
བསྐྱར་དུ་བསམ་བློ་ཞིག་བཏང་སྐབས་འདིའི་ཐོག་ནས་རང་ཉིད་ལ་བསམ་ཚུལ་དང་དེ་དང་འབྲེལ་བའི་
གནས་ཚུལ་གསར་པ་ཁག་གཅིག་བསམ་བློའི་ནང་འཆར་གྱི་འདུག་པས་ངོ་སྤྲོད་ཞུ་དོད་ཞིག་ཡོང་གི་འདུག
ཡིན་ནའི་ལེ་ཚན་བཟོས་ཚར་བ་ཡིན་དུས་སྐབས་གཅིག་རིང་གི་བསམ་ཚུལ་དང་ལེ་ཚན་བཟོས་ཚར་
བའི་རྗེས་ཀྱི་རང་ཉིད་གཅིག་པོའི་བློ་ལ་འཆར་བའི་བསམ་བློ་ཙམ་ལས་གཞན་དང་མཉམ་དུ་བསམ་ཚུལ་
བརྗེ་རེས་ཞིག་ཡོང་གི་མིན་འདུག་ལ།ཉིན་རེའི་ལས་ཀའི་བྲེལ་ཚུབ་དང་རང་རང་གི་འཚོ་བས་རྐྱེན་པས་
བསམ་ཚུལ་འདི་རྣམས་ཡང་དུས་གཅིག་ཏུ་ལྦུ་བ་ལྟ་བུ་མེད་པར་འགྱུར་འགྲོ་ཡི་འདུགཉིན་གཅིག་བོད་
ནང་ནས་བཟོས་པའི་བོད་ཡིག་གི་ཟིན་བྲིས་དོ་རྭ་ཁག་གཅིག་ནང་དུས་ཚོད་མང་པོ་བཏང་ནས་
བལྟ་སྐོར་བྱས་པའི་བརྒྱུད་རིམ་ནང་ཁོང་རྣམ་པའི་ཟིན་བྲིས་དོ་རྭའི་སྟེང་རྣམ་པ་འདྲ་མིན་གྱི་ཐོག་ནས་
སེམས་འགུལ་ཐེབས་པའི་གནས་ཚུལ་མང་དག་ཞིག་ཤེས་རྟོགས་དང་སློབ་སྦྱོང་ཡོང་གི་འདུག་པས་
ང་རང་གི་ཟིན་བྲིས་དོ་རྭ་གཅིག་བཟོ་འདོད་ཀྱི་བློ་ཞིག་འཆར་བྱུང༌། འདི་ནི་རང་ཉིད་ཀྱིས་ཟིན་བྲིས་
དོ་རྭ་བཙུགས་པ་ཐོག་མར་ཡིན་པས་ཁྱེད་རྣམ་པའི་ཉམས་མྱོང་ངོ་སྤྲོད་ཡོང་བའི་རེ་བ་དང་ཟིན་བྲིས་དོ་རྭ་
འདིའི་ནང་ཡང་ཡང་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།།

གྲོང་ཁྱེར་ཡོངས་རྫོགས་དུག་ཡོད་པའི་འོ་རྩམ་གྱིས་ཁེངས་ཡོད་པས་ཇ་མངར་མོར་དགའ་པོ་ཡོད་མཁན་གྱི་ལྷ་ས་བ་ཚོས་གཟབ་གཟབ་གནང་དགོས།

གསན་ན།

ལྷ་ས་བ་ཚོས་ཇ་མངར་མོར་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད་པ་མ་ཟད། ཐ་ན་དབྱིངས་ཞུགས་པའི་གནས་སུ་གྱར་ཡོད། ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་ཚང་མའི་ནང་ཇ་ཁང་ག་ཚོད་ཙམ་ཡོད་མིན་གྲངས་ཀ་རྒྱབ་ཚོད་མེད་པ་རེད། སྐད་གྲགས་ཡོད་པའི་ཇ་ཁང་ལ་ཆ་མཚོན་ན། དཔེར་ན་རྫས་སྤྲོད་དང་གྷ་རྨིང་། སྒམ་ཆུང༌། ལུག་ཚང་སོགས་ལྷ་སའི་ནང་སྐད་གྲགས་ཡོད་པས་ཉིན་ལྟར་བོད་མི་རྒན་གཞོན་མང་པོ་ཇ་ཁང་འདི་ཚོའི་ནང་འཛོམས་ཀྱི་ཡོད། ཡང་དགོན་པའི་ཉེ་འཁོར་ལ་ཡང་ཇ་ཁང་ཡོད་པས་ཟླ་བ་གསུམ་པའི་སྔོན་ཆོས་མཇལ་ཞུ་བར་བཅར་མཁན་དང་དགེ་འདུན་ཚོ་ཇ་ཁང་ནང་ཁེངས་ནས་ཡོད་པ་མ་ཟད། ད་དུང་ཇ་ཁང་ཚང་མའི་ནང་སྤྲང་པོ་ཚོས་ལག་པ་རྐྱང་ནས་དངུལ་སློང་མཁན་ཡང་ཡོད་པ་རེད།
ཇ་མངར་མོའི་རིན་གོང་ཞུས་ན་དེ་སྔོན་དཀར་ཡོལ་གང་ལ་སྒོར་ཟུར་གཉིས་ཡིན་པ་དང་། ད་ཆ་དཀར་ཡོལ་གང་ལ་སྒོར་ཟུར་ལྔ་བྱེད་ཀྱི་ཡོད། ཇ་མངར་མོ་བླུགས་སའི་ཤེར་གྱི་དཀར་ཡོལ་འདི་ཆུང་རུ་ཕྱིན་པ་ལྟ་བུ་འདུག ཡིན་ནའི་རིན་གོང་མུ་མཐུད་ཕར་བཞིན་ཡོད། ཇ་མངར་མོ་འཐུང་མཁན་གྱི་མི་ཧ་ཅང་མང་པོ་ཡོད་པས་ཞབས་ཞུ་བ་ཚོས་ཤེར་གྱི་དཀར་ཡོལ་རེ་རེ་བཞིན་ཇ་མངར་མོ་བླུགས་སྐབས་བྲེལ་ཚུབ་ཆེན་པོ་བྱེད་དགོས་ཀྱི་ཡོད། དེར་རྟེན་ད་ཆ་ཇ་དམ་བེད་སྤྱོད་བྱེད་ཡག་དར་བཞིན་འདུག ཆེ་ཆུང་འདྲ་མིན་གྱི་ཇ་དམ་སྣ་ཁ་ཁག་གཅིག་ཡོད་པའི་ནང་ཇ་དམ་འབྲིང་ཙམ་ལ་རིན་གོང་རྒྱ་སྒོར་གསུམ་ནས་རྒྱ་སྒོར་བདུན་ལ་ཕར་ཡོད།
རང་ཉིད་ཀྱི་ཁྱིམ་ཚང་ལ་ཇ་མངར་མོ་བཟོ་ཡི་ཡོད་པ་དང་དང་འདོད་བྱེད་མཁན་ཚོས་པ་ཏི་བསྐོལ་པའི་ནང་འོ་མ་གསོལ་པ་བླུགས་ཀྱི་ཡོད། ཡིན་ནའི་ཡག་ཤོས་ནི་ས་གནས་ཀྱི་ཞིང་པའི་འོ་མ་སོས་པ་འདི་ཡིན་པ་རེད། སྤྱི་བཏང་ཚང་མས་བེད་སྤྱོད་བྱེད་ཡག་ནི་ཚོང་ཁང་ནས་ཉོས་པའི་འོ་མ་ཡིན་པ་དང་། འོ་མ་དེ་ཚོའི་མིང་ལ་ཡིས་ལིད་ཟེར་བ་དང་མང་ཉུའུ་ཟེར་གྱི་ཡོད་ལ། སྒམ་ཆུང་གཅིག་གི་གོང་ཚད་འདི་རྒྱ་ནག་ནང་ལས་རིན་གོང་མཐོ་བ་ཡོད། ཡང་འོ་མའི་མིང་ལ་ཐེ་ལུན་སུའུ་ཟེར་བ་འདི་ལྷ་སར་པེ་ཅིང་ལས་སྒོར་ལྔ་དྲུག་གི་རིན་གོང་མཐོ་བ་ཡོད་ན་ཡང་འོས་ཤིང་འཚམས་པ་ལྟ་བུ་བྱེད་ཀྱི་ཡོད། ད་དུང་འོ་རྩམ་བསྲེས་མཁན་ཡོད་པ་དང་དེ་ཚོ་ཡང་ཚོང་ཁང་ནས་ཉོ་པའི་འོ་རྩམ་རེད། དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡོད་མཁན་ཚོ་ཚང་མ་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁང་ལ་སྐྱོད་ནས་འོ་རྩམ་ཉོ་གི་ཡོད།
ཡང་ཇ་ཁང་ཚང་མས་ཕལ་ཆེར་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁང་ནས་འོ་རྩམ་ཉོ་གི་ཡོད་ས་རེད། འོ་རྩམ་དེ་རིགས་ཚང་མ་བརྙན་འཕྲིན་དང་ཚགས་པར་ཐོག་ནས་དྲིལ་བསྒྲགས་བྱས་པ་རྩ་བ་ནས་མཐོང་རྒྱུ་མེད། བཟོ་གྲྭ་ཧ་ལམ་ཚང་མ་ཧྲན་ཤི་དང་ཀན་སུའུ་ནས་ཡིན་པས་རིན་གོང་ཡང་ཆུང་བ་ཡོད། དེ་སྔོན་གུས་མོ་རྫས་སྤྲོད་ཟ་ཁང་ལ་ཇ་མངར་མོ་འཐུང་བར་སྐྱོད་སྐབས་གཞི་རྒྱ་ཆེ་ཞིང་ཚ་ཚ་འུར་འུར་གྱི་ཐབ་ཚང་ལ་ལྟ་སྐོར་དུ་སྐྱོད་མྱོང་ཡོད། ཐབ་ཚང་ནང་འོ་རྩམ་བླུགས་ཆེད་ཀྱི་སྣོད་འདི་ཚོ་རྩིས་ནས་རི་ཆུང་ཆུང་ལྟ་བུ་ཞིག་ཆགས་བཞག ཡང་སྣོད་འདི་ཚོ་ཉིན་ཕྱེད་ཀའི་ནང་བེད་སྤྱོད་བྱས་པའི་འོ་རྩམ་ཡིན་པས་ཉིན་གཅིག་ལ་འོ་རྩམ་དེ་རིགས་ག་ཚོད་ཙམ་ཞིག་བེད་སྤྱོད་བཏང་ནས་ཇ་མངར་མོ་བཟོ་གི་ཡོད་པ་ཡིན་ནམ།
ཉེ་ཆར་རྒྱ་ནག་གི་ས་གནས་ཁག་ཚང་མའི་ནང་མིང་ལ་སན་ཀླུའུ་འོ་རྩམ་ཟེར་བ་འདིས་གྲངས་ལས་འདས་པའི་ཕྲུ་གུ་ཆུང་ཆུང་ཚོའི་ལུས་པོར་ན་ཚ་བཟོས་ནས་གཡོ་འགུལ་ཆེན་པོ་ཞིག་ཐེབས་བཞིན་ཡོད་པ་དང་། དེ་རྗེས་བསྟུད་མར་ཡང་འོ་རྩམ་རིགས་མི་འདྲ་བ་ཉི་ཤུ་ལྷག་ཙམ་ཞིག་ལ་དུག་རྫས་ཡོད་པའི་འོ་རྩམ་ཡིན་པ་རྩད་གཅོད་ཐུབ་ཡོད། ཐ་ན་ཡིས་ལིད་དང་མང་ཉུའུ་སོགས་སྐད་གྲགས་ཡོད་པའི་འོ་མས་བཟོས་པའི་བཟའ་རིགས་ལ་ཡང་གནས་ཚུལ་ཡོད་པ་རེད་འདུག ལྷ་སའི་ཇ་ཁང་ནང་ཉིན་ལྟར་སྐད་གྲགས་མེད་པའི་བཟོ་གྲྭ་ཆུང་ཆུང་དང་ཐ་ན་མཐུན་རྐྱེན་མ་ཚང་བའི་ཐོག་བཟོས་པའི་རིན་གོང་དམའ་བའི་འོ་རྩམ་ཕོན་ཆེན་ཞིག་བེད་སྤྱོད་བྱེད་བཞིན་ཡོད་པ་དྲན་དུས་འོ་རྩམ་དེ་ཚོར་ཡང་གནས་ཚུལ་གཏན་གཏན་ཡོད་ཀྱི་རེད། འོ་རྩམ་དེ་ཚོ་སན་ལུའུ་འོ་རྩམ་ལས་དེ་བས་སྤུས་ཁ་ཞན་པ་ཡོད་སྲིད་ཀྱི་རེད། ཡང་འོ་རྩམ་དེ་རིགས་པེ་ཅིང་ལ་མཐོང་རྒྱུ་མེད་ལ་གྲན་རྡུར་ཡང་མཐོང་རྒྱུ་མེད། ཡིན་ནའི་ལྷ་ས་ལ་གང་སར་ཡོད་པ་མ་ཟད། ད་དུང་ཇ་མངར་མོ་མཐོང་རྒྱུར་ཧ་ཅང་གི་དགའ་པོ་ཡོད་པའི་གྲངས་ལས་འདས་པའི་ལྷ་ས་བ་ཚོས་འཐུང་གི་ཡོད་པས་འདིའི་ཁྲོད་ནས་མཐའ་འབྲས་གང་འདྲ་ཞིག་ཡོང་གི་རེད་དམ། གུས་མོས་ལྷ་སར་ཡོད་པའི་གྲོགས་པོ་དང་ལྷན་དུ་གནད་དོན་འདིའི་ཐོག་བགྲོ་གླེང་ཞུས་པ་ཡིན། ངས་ལྷ་སར་མི་ག་ཚོད་ཙམ་ལ་མཁལ་མའི་ནད་གཞི་ཕོག་ཡོད་དམ་ཅེས་འདྲི་སྐབས་ཁོང་གིས་མི་ཧ་ཅང་མང་པོ་རེད། ངའི་གཅུང་པོ་འདི་ལོ་ནད་གཞི་འདི་ཕོག་པ་རེད་ཅེས་གསུང་བྱུང་བ་དང་། ཡང་གུས་མོས་ཁོང་ཇ་ཁང་ལ་སྐྱོད་ཀྱི་རེད་དམ་ཞུ་སྐབས་ཁོང་གིས་ཉིན་ལྟར་འགྲོ་གི་རེད་གསུང་བྱུང༌། ཡང་གུས་མོས་དངོས་གནས་རྟགས་དཔྱད་བྱེད་དགོས་ངེས་རེད། ལྷ་སར་མཁལ་མའི་ནད་གཞི་ཕོག་པའི་མི་ག་ཚོད་ཡོད་དམ། བོད་ཀྱི་ཞིང་འབྲོག་ས་ཁུལ་ལ་ཕལ་ཆེར་དུག་རྫས་ཡོད་པའི་འོ་རྩམ་ཡོད་ཀྱི་མ་རེད། གང་ཡིན་ཞུས་ན་ཞིང་པ་འབྲོག་པ་རང་ཉིད་ཀྱི་ཁྱིམ་ཚང་ལ་བ་ཕྱུགས་གསོས་ཡོད་པ་དང་ཇ་མངར་མོ་ཡང་འཐུང་གི་མ་རེད། དུག་རྫས་ཡོད་པའི་འོ་རྩམ་གྱིས་ཕྲུ་གུ་ཆུང་ཆུང་ལ་ནད་གཞི་ཕོག་པ་ཡོད་སྲིད་ཀྱི་མ་རེད་ཅེས་ཞུ་སྐབས་གྲོགས་པོ་ཁོང་གིས་སུས་བྱེད་ནུས་ཀྱི་རེད་དམ། གནས་ཚུལ་དངོས་འདི་གཅིག་བྱས་ན་དེ་ལས་འཇིགས་སྣང་ཆེ་བ་ཡོད་སྲིད་ཀྱི་རེད་གསུང་བྱུང་།
ཡིན་ནའི་རྒྱ་ཆེའི་ཞིང་འབྲོག་ཁུལ་ལ་དེ་དང་འདྲ་བར་དེ་མིན་གྱི་དངོས་ཟོག་རྫུན་མས་ཁེངས་ནས་ཡོད་པ་རེད། དཔེར་ན་ཆུ་མངར་མོ་འདྲ་མིན་དང་ཁ་ཟས། སྟབས་བདེའི་ཐུག་པ། བྱི་རིལ་སོགས་མང་པོ་ཡོད། རྟག་ཏུ་དུས་ཆེན་ཆེ་ཁག་ལ་སླེབས་དུས་དཔེར་ན་རྟ་རྒྱུགས་དུས་ཆེན་སྐབས་གྲངས་ལས་འདས་པའི་སིལ་འཚོང་བ་མང་པོ་འཁོར་ནས་ཁོང་ཚོས་དངོས་ཟོག་རྫུན་མ་མང་པོ་འཁྱེར་ཏེ་ཚོང་རྒྱག་གི་ཡོད། གུས་མོས་ཐེངས་མང་མཐོང་མྱོང་ཡོད་ལ། ཚོང་ཟོག་དེ་རིགས་རྩ་བ་ནས་གོ་མྱོང་མེད་པ་དང་། ད་དུང་རྟག་ཏུ་དུས་ཚོད་ཡོལ་བ་ཤ་སྟག་ཡིན་པ་རེད། རྒྱ་ཆེའི་བོད་ཀྱི་ས་གནས་ཁག་དངོས་ཟོག་རྫུན་མ་ཕམ་ཚོང་རྒྱག་ས་ཞིག་ཆགས་པ་མ་རེད་དམ།
བོད་ཁུལ་གྱི་ས་གནས་ཁག་གི་སྲིད་གཞུང་གི་སྤུས་ཚད་ཞིབ་བཤེར་ཚན་པ་ནས་དོན་ངོ་མའི་འགན་ཁུར་བྱས་ཏེ་ཁྲོམ་རྭའི་ཐོག་གི་དངོས་ཟོག་རྫུན་མ་མཐོང་ཐེངས་རེར་གཞུང་བཞེས་རེ་བཏང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ཡང་བོད་ཁུལ་གྱི་གཞོན་སྐྱེས་ཚོས་ཁྲོམ་རྭའི་སྟེང་ཡོད་པའི་གཟུགས་གཞིའི་འཕྲོད་བསྟེན་ལ་གནོད་འཚེ་བཏང་མཁན་གྱི་དངོས་ཟོག་རྫུན་མ་འདི་ཚོ་འདུ་རུབ་བྱས་པ་དང་དངོས་ཟོག་རྫུན་མ་དེ་རིགས་ཀྱིས་ན་ཚ་བཟོས་ཡོད་མིན་རྟགས་དཔྱད་བྱས་པ། བོད་མི་རུབ་སྡོད་བྱེད་ཡུལ་དང་དེ་བཞིན་ཞིང་འབྲོག་ས་ཁུལ་ལ་དངོས་ཟོག་རྫུན་མའི་ཉེན་ཁའི་རང་བཞིན་འདི་རྣམས་ངོ་སྤྲོད་བྱས་ནས་རྒྱ་ཆེའི་བོད་མི་རྣམས་ཀྱིས་ཤེས་པ་བཟོ་ཐུབ་པའི་རེ་བྱེད་ ཀྱི་ཡོད། དོན་དངོས་ཐོག་ཁྲ་ཁྲ་སིལ་སིལ་གྱི་དངོས་ཟོག་གསར་པ་འདི་ཚོ་གཅིག་བྱས་ན་ཚེ་སྲོག་ལ་གནོད་འཚེ་གཏོང་བའི་དུག་རིགས་ཡིན་སྲིད་ཀྱི་རེད།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།(བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལེ་ཚན་ལ་ཆེད་རྩོམ་གནང་བ།)

དེ་རིང་གི་ཉིན་མོ།

༡༩༠༦ལོའི་ཟླ་༡༠ཚེས་༣ཉིན་སྐབས་དང་པོའི་རྒྱལ་སྤྱིའི་སྐུད་མེད་ཆ་འཕྲིན་ཚོགས་འདུ་དེ་ཇར་མ་ནིའི་བྰ་ལིན་ལ་སྐོང་ཚོགས་བྱས་པའི་ཐོག་SOSཞེས་པའི་དོན་དེ་རྒྱལ་སྤྱིའི་སྐྱོབས་གསོའི་བརྡ་རྟགས་ལ་ངོས་འཛིན་ཐག་གཅོད་བྱས་པ་རེད།
༡༩༩༠ལོའི་ཟླ་༡༠ཚེས་༣ཉིན་ཤར་ནུབ་ཇར་མ་ནི་གཉིས་དངོས་སུ་གཅིག་གྱུར་བྱས་ཏེ་རྒྱལ་ས་བྰ་ལིན་དང་ནུབ་ཇར་མ་ནིའི་སྲིད་བློན་ཁའར་ཀྲ་སྲིད་བློན་ལ་འཁོད་པ་རེད།(འཇམ་དཔལ་ཕུན་ཚོགས་ལགས་ནས་ཕྱོགས་སྒྲིག་གནང་)

དེ་རིང་གི་ཉིན་མོ།

༡༨༢༤ལོའི་ཟླ་༡༠ཚེས་༤ཉིན་མེག་སི་ཁའོ་ཡུལ་གྲུ་འདི་བཞིན་སྤྱི་མཐུན་རྒྱལ་ཁབ་ཏུ་གྱུར།
༡༩༡༠ལོའི་ཟླ་༡༠༤ཉིན་པུར་ཅུ་ཁའ་ཡུལ་དུ་གསར་བརྗེ་ལངས་ནས་རྒྱལ་རྒྱུད་ལམ་ལུགས་མགོ་རྟིང་བསློག་ནས་སྤྱི་མཐུན་གཞུང་བཙུགས། (འཇམ་དཔལ་ཕུན་ཚོགས་ལགས་ནས་ཕྱོགས་སྒྲིག་གནང༌།)

ངའི་ཕ་ཡུལ།

འདི་ལོའི་རྒྱ་ནག་གི་རྒྱལ་བཙུགས་དུས་ཆེན་གྱི་གུང་གསེང་འདི་མཇུག་སྒྲིལ་ཡོད་པ་རེད། ད་ལོའི་གུང་གསེང་འདིར་བོད་ནས་རྒྱ་ནག་ལ་ཡོང་མཁན་དུས་རྒྱུན་དང་མི་འདྲ་བར་བོད་པ་མང་བ་ཡོད་པ་རེད་འདུག གང་ཡིན་ཞུས་ན་འདི་ལོ་ཟླ་བ་གསུམ་པ་ནས་བོད་ནང་དམག་མིས་ཁེངས་ནས་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། དུས་ད་ལྟ་ཡང་ད་དུང་ཁྲོམ་གཞུང་ཐོག་གང་སར་དམག་མིས་ལག་ཏུ་མེ་མདའ་འཁྱེར་ནས་གྲོང་ཁྱེར་ཡོངས་རྫོགས་དམག་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། དཔལ་འབྱོར་ཡོད་པ་ཚོ་ཉིན་ཤས་རིང་རྒྱ་ནག་ནང་ཡོད་པའི་རང་དབང་གི་རླུང་པོ་ཕྲན་བུ་འདི་ལོངས་སྤྱོད་བྱེད་པར་སྐྱོད་ཡོད། ཡིན་ནའི་བོད་མི་མང་ཆེ་བ་བོད་ནང་མུ་མཐུད་སེམས་སྦུག་དོག་པོའི་ངང་འཚོ་གནས་བྱེད་དགོས་ཀྱི་ཡོད། དངོས་གནས་བཙོན་རྭ་ལྟ་བུའི་ཡུལ་གྲུ་འདིར་རང་དབང་གི་ཉི་མ་ག་དུས་ཤར་ཡོང་ངམ།

དེ་རིང་གི་ཉིན་མོ།

༡༩༠༨ལོའི་ཟླ་༡༠ཚེས་༥ཉིན་ཡུལ་གྲུ་པུར་ཀེ་ནིའི་ཡའ་རྒྱབ་ཁབ་ཏུར་ཀེ་ནས་ཁ་བྱལ་ཏེ་རང་བཙན་རྒྱལ་ཁབ་ཏུ་གྱུར།
༡༩༤༧ལོའི་ཟླ་༡༠ཚེས་༥ཉིན་རྒྱ་གར་གྱི་ཀ་ལི་ཀ་དའ་ས་ཁུལ་ལ་ཚབས་ཆེའི་ཆུ་ལོགས་ཀྱི་གནོད་འཚེ་བྱུང་ནས་ཁྱོན་མི་སྟོང་ཕྲག་ཁ་ཤས་འདས་གྲོང་ལ་སོང་བ་དང་མི་ས་ཡ་གཅིག་ཙམ་སྡོད་ཡུལ་མེད་པ་ཆགས་པ་རེད། (འཇམ་དཔལ་ཕུན་ཚོགས་ལགས་ནས་ཕྱོགས་སྒྲིག་གནང༌།)

བོད་ལ་ས་ཡོམ།

ཚེས་༦ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་གྱི་ཐོག་བོད་ཀྱི་རྒྱལ་ས་ལྷ་ས་དང་དེ་བཞིན་འདམ་གཞུང་ལ་ས་ཡོམ་ཆེམ་པོ་ཞིག་རྒྱབ་ཡོད་པ་རེད་འདུག འདམ་གཞུང་ཁུལ་དུ་འགུལ་ཚད་6.6བྱས་པ་ཞིག་རྒྱབ་ཡོད་པ་དང་ལྷ་ས་ཡང་འགུལ་ཤུགས་ཆེན་པོ་བྱུང་བཞག འདམ་གཞུང་ལ་ད་རེས་ཀྱི་ས་ཡོམ་འདིའི་ཁྲོད་ནས་ཁྱོན་མི་གྲངས་སུམ་བཅུ་ལྷག་ཙམ་འདས་གྲོང་ལ་སོང་ཡོད་པ་རེད་འདུག་ལ། མི་མང་པོར་རྨས་སྐྱོན་སོགས་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་བཞག ཡིན་ནའི་གཞུང་ཕྱོགས་ཀྱི་བརྙན་འཕྲིན་CCTVནང་ནས་འདི་ལྟ་བུའི་རང་བྱུང་གནོད་འཚེ་ཆེན་པོ་ཕོག་པའི་གནས་ཚུལ་སྐར་ཆ་ཁ་ཤས་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད་འདུག ཡིན་ནའི་དྲ་རྒྱའི་ཐོག་གནས་ཚུལ་འཚོལ་ཞིབ་བྱས་པའི་རྒྱུད་རིམ་ནང་གཞུང་ཕྱོགས་ཀྱི་ཤིན་ཧྭ་གསར་འགྱུར་ཁང་ནས་ས་ཡོམ་གྱི་གནས་ཚུལ་ཁག་གཅིག་སྤེལ་ཡོད་པའི་ནང་ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་གཉིས་ལ་གནོད་སྐྱོན་ཕོག་མེད་པ་བརྗོད་བཞག ཡིན་ནའི་འདམ་གཞུང་ལ་ཁང་པ་མང་པོ་ལོག་ཡོད་པ་ཕུད། ལྷ་སའི་ནང་གི་ཁང་པོ་མང་པོ་ཞིག་ལ་སེར་ཁ་གས་ཡོད་པ་དང། དེ་མིན་ལྷོ་ཁ་དང་གཞིས་རྩེ་སོགས་ས་ཁུལ་ལ་ཡང་གཡོ་འགུལ་ཆུང་ངུ་བྱུང་ཡོད་པ་རེད་འདུག
འདིར་འདམ་གཞུང་གི་འདྲ་པར་རེ་གཉིས་ཡོད་པ་འདི་ཤིན་ཧྭ་གསར་འགྱུར་ཁང་གི་རེད།


དེ་རིང་གི་ཉིན་མོ།

༡༩༡༣ལོའི་ཟླ་༡༠ཚེས་༦ཉིན་རྒྱ་ནག་གི་གྲོས་ཚོགས་ནས་ཡོན་ཧྲེ་ཁའེ་རྒྱ་ནག་མི་སེར་རྒྱལ་ཁབ་(ཀྲུང་ཧྭ་མིང་གོ་)ཀྱི་སྲིད་འཛིན་དང་པོར་བདམས་པ་རེད།
༡༩༦༣ལོའི་ཟླ་༡༠ཚེས་༦ཉིན་ཡུལ་གྲུ་ཧའེ་ཏི་ལའ་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེས་མི་བཞི་སྟོང་ལྷག་གི་ཚེ་སྲོག་ཤོར་བ་རེད།
༡༩༧༣ལོའི་ཟླ་༡༠ཚེས་༦ཉིན་ཨེ་ཇིབ་དང་སི་རི་ཡས་གློ་བུར་དུ་དབྱི་སི་རལ་ལ་འཇབ་རྒོལ་བྱས་པའི་རྐྱེན་ལས་དཀྱིལ་ཤར་གྱི་དམག་འཁྲུག་ཐེངས་བཞི་པ་འདི་ལངས་པ་རེད། (འཇམ་དཔལ་ཕུལ་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང༌།)

༢༠༠༨ལོའི་ཟླ་༡༠ཚེས་༦ཉིན་བོད་ཀྱི་འདམ་གཞུང་ས་ཁུལ་ལ་ས་ཡོམ་འགུལ་ཚད་6.6བྱས་པ་ཞིག་རྒྱབ་པའི་ཁྲོད་ནས་རྒྱལ་ས་ལྷ་ས་དང་ལྷོ་ཁ། གཞིས་རྩེ་སོགས་ས་གནས་ཁག་གཅིག་ལ་ཡང་རིམ་པ་མི་འདྲ་བའི་གཡོ་འགུལ་བྱུང་ནས་གནོད་འཚེ་བྱུང་ཡོད་པའི་ཐོག་འདམ་གཞུང་ལ་མི་སུམ་བཅུ་ལྷག་ཙམ་འདས་གྲོང་ལ་སོང་ཡོད་པ་རེད།

དེ་རིང་གི་ཉིན་མོ།

༡༩༤༩ལོའི་ཟླ་༡༠ཚེས་༧ཉིན་ཇར་མ་ནིའི་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་བཙུགས།
༢༠༠༡ལོའི་ཟླ་༡༠ཚེས་༧ཉིན་ཨ་རིས་དགུ་པའི་བཅུ་གཅིག་གི་དུས་རྐྱེན་བྱུང་བའི་རྗེས་ཐེངས་དང་པོ་ཨབ་གའ་ནི་སི་ཐན་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་ནས་འབར་གཏོར་བྱས་པ་རེད།
(འཇམ་དཔལ་ཕུན་ཚོགས་ལགས་ནས་ཕྱོགས་སྒྲིག་གནང༌།)

ས་ཡོམ་གྱི་གནོད་འཚེ།

གསན་ན།

བོད་ལ་ད་རེས་ཟླ་༡༠ཚེས་༦ཉིན་འདམ་གཞུང་ནས་རྒྱལ་ས་ལྷ་ས་དང་དེ་མིན་དབུས་གཙང་ཁུལ་གྱི་ས་གནས་ཁག་གཅིག་ནང་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཞིག་བྱུང་ཡོད་པ་རེད། ས་ཡོམ་གྱི་གནོད་འཚེ་འདི་བྱུང་བའི་རྗེས་བོད་ནང་གནས་སྟངས་ཇི་འདྲ་ཡོད་མིན་སྐོར་ལ་རྩད་གཅོད་མང་པོ་ཞིག་བྱས་པའི་བརྒྱུད་རིམ་ནང་འབྲེལ་ཡོད་ཀྱི་ཚན་པར་ཁ་པར་ཐོག་ནས་འབྲེལ་བ་ཞུ་སྐབས་ཚང་མས་གནས་ཚུལ་དངོས་རྣམས་བཤད་མི་ཕོད་པའི་རྣམ་པ་ཞིག་བཏོན་གྱི་འདུག ཡང་འདམ་གཞུང་མི་དམངས་སྨན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང༌། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ལ་མྱུར་སྐྱོབ་དང་སྨན་བཅོས་ཀྱི་སྐོར་སྐད་ཆ་འདྲི་སྐབས་གནོད་འཚེ་བྱུང་ཡུལ་ས་གནས་འདམ་གཞུང་རང་གི་སྨན་པས་འདམ་གཞུང་རྫོང་དགེ་དར་ཤང་ནང་གནས་ཚུལ་ཇི་འདྲ་ཡོད་མིན་དང་འཕྲོད་བསྟེན་གྱི་གནས་སྟངས། དེ་བཞིན་ཤི་རྨས་ཀྱི་གནས་སྟངས་སོགས་ཞིབ་ཕྲ་ཞིག་རྩ་བ་ནས་ཤེས་རྟོགས་མེད་པའི་ཐོག་སྨན་ཁང་འདིར་གནོད་འཚེ་ཕོག་ཡུལ་ས་གནས་ནས་ནད་པ་གཅིག་ཀྱང་སླེབས་མེད་པའི་སྐོར་ངོ་སྤྲོད་བྱེད་ཀྱི་འདུག བརྗོད་ཡག་ལ་རྨས་མ་ཚོ་ལྷ་སའི་སྨན་ཁང་ཁག་གཅིག་ནང་དབོར་ཡོད་པ་བརྗོད་ཀྱི་འདུག་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་རྩད་གཅོད་བྱེད་སྐབས་ས་ཡོམ་སྐོར་གྱི་གནས་ཚུལ་དང་རྨས་མའི་གནས་སྟངས་གསར་འགོད་པར་བརྗོད་ཆོག་གི་མེད་པ་འགྲེལ་བརྗོད་བྱེད་ཀྱི་འདུག ཡང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རྩད་གཅོད་བྱེད་སྐབས་ལྷོ་ཁ་ནས་སླེབས་པའི་ནད་པ་རེ་གཉིས་ལས་མེད་པ་བརྗོད་ཀྱི་འདུག དངོས་གནས་བྱས་ན་རང་བྱུང་གི་གནོད་འཚེ་བྱུང་བའི་སྐབས་སྨན་ཁང་འདི་གལ་འགངས་ཆེ་ཤོས་ཀྱི་ས་གནས་ཞིག་དང་མྱུར་སྐྱོབ་ལས་དོན་ནང་ནུས་པ་ཆེན་པོ་ཞིག་བཏོན་དགོས་ཀྱི་ཡོད་པ་རེད། ཡིན་ནའི་བོད་ནང་འདི་འདྲ་ཆགས་དགོས་དོན་གང་ཡིན་ནམ། གཅིག་ནས་རང་བྱུང་གི་གནོད་འཚེར་སྣང་ཆུང་བཏང་བའི་ཉེན་ཁའི་རང་བཞིན་ཞིག་ཡོད་པའི་ཐོག་བོད་ནང་གི་དམ་བསྒྲགས་གནས་སྟངས་འདིའི་འོག་ནས་ཆབ་སྲིད་དང་;བྲེལ་བ་མེད་པའི་གནས་ཚུལ་ཞིག་ཡིན་རུང་འདིའི་ཐོག་གླེང་མོལ་བྱེད་མི་ནུས་པའི་རྣམ་པ་ཞིག་ཡོང་གི་འདུག གང་ལྟར་ད་རེས་ས་ཡོམ་གྱི་གནོད་འཚེ་དང་དུག་རྫས་ཡོད་པའི་འོ་རྩམ་གྱི་དོན་རྐྱེན་འདི་གཉིས་ཀྱི་ཐོག་ནས་བོད་ལ་མཐོང་ཆུང་གི་རྣམ་པ་ཞིག་དང་བོད་ནང་གི་འབྲེལ་ཡོད་དཔོན་རིགས་ཚོའི་ནུས་མེད་ཀྱི་རྣམ་པ་ཞིག་མཐོང་ཐུབ་ཀྱི་འདུག

འབྲེལ་ཡོད་ཀྱི་གནས་ཚུལ་གསན་ན།

དེ་རིང་གི་ཉིན་མོ།

༡༩༧༤ལོའི་ཟླ་༡༠ཚེས་༨ཉིན་ཉི་ཧོང་གི་བློན་ཆེན་ཛོའོ་ཐན་རུའང་ཛོའོ་ལ་ནོའོ་ལྦེའི་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད།
༢༠༠༥ལོའི་ཟླ་༡༠ཚེས་༨ཉིན་པ་ཀི་སི་ཏན་བྱང་ངོས་སུ་ས་ཡོམ་རིམ་པ་7.6བྱས་པ་ཞིག་རྒྱབ་ནས་ཉུར་མཐར་མི་༢༥༠༠༠ལྷག་ཙམ་ཞིག་རྐྱེན་འདས་སུ་ཕྱིན།
(འཇམ་དཔལ་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང༌།)

དེ་རིང་གི་ཉིན་མོ།

༡༩༦༢ལོའི་ཟླ་༡༠ཚེས་༩ཉིན་ཡུལ་གྲུ་ཝུ་ཀན་དའ་རང་བཙན་ཐོབ་ནས་དབྱིན་ཇིའི་མཐུན་ཕྱོགས་རང་སྐྱོང་རྒྱལ་ཁབ་ཏུ་གྱུར།
༡༩༧༥ལོའི་ཟླ་༡༠ཚེས་༩ཉིན་ཨུ་རུ་སུའུ་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་མཁན་ཧྲ་ཁའ་ལའུ་ཕུའུ་ལ་ནོར་ལྦེལ་ཞི་བདེའི་གཟེངས་རྟགས་ཐོབ།
༢༠༠༦ལོའི་ཟླ་༡༠ཚེས་༩ཉིན་ཀུ་རི་ཡ་བྱང་མས་ས་འོག་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པའི་ཁྱབ་བསྒྲགས་བྱས།(འཇམ་དཔལ་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང།)

དེ་རིང་གི་ཉིན་མོ།

༡༩༡༡ལོའི་ཟླ་༡༠ཚེས་༡༠ཉིན་རྒྱ་ནག་ལ་གསར་བརྗེའི་དམག་དཔུང་ནས་ཝུའུ་ཁྲའང་དུ་འོས་ལངས་བྱས་ཏེ་མའན་ཆིང་གཞུང་མགོ་རྟིག་བསློག་ནས་རྒྱ་ནག་མི་སེར་རྒྱལ་ཁབ་(ཀྲུང་ཧ་མིང་གོ་)བཙུགས་པ་དང་ཉིན་མོ་འདི་ནི་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་ཡིན།
༡༩༡༩ལོའི་ཟླ་༡༠ཚེས་༡༠ཉིན་རྒྱ་ནག་རྒྱལ་ཁབ་ཀྱི་ཕ་ཅེས་འབོད་པའི་སྐུ་ཞབས་ུན་ཀྲུང་ཧྲན་གྱིས་རྒྱ་ནག་གསར་བརྗེ་ཚོགས་པ་དེ་རྒྱ་ནག་གོ་མིང་ཏང་ཚོགས་པར་ངོ་སྒྱུར་བྱས།
༢༠༠༠ལོའི་ཟླ་༡༠ཚེས་༡༠ཉིན་ཨ་རིའི་སྲིད་འཛིན་ལྦིལ་ཁ་ལིན་ཌོན་ནས་བཅའ་ཁྲིམས་ལ་མཆན་བཀོད་བྱས་ཏེ་རྒྱ་ནག་ལ་ཇི་སྲིད་བར་གྱི་རྒྱུན་ལྡན་ཉོ་ཚོང་འབྲེལ་བའི་ཐོབ་ཐང་དངོས་སུ་སྤྲད།(འཇམ་དཔལ་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང།)

ལྷ་སའི་སྤུས་ཁ་ཞན་པའི་དངོས་ཟོག་རྫུན་མ་འདི་ཚོ་བསྡུ་འགྲེམ་བྱེད་སའི་ལྟེ་གནས།

གསན་ན།

ཁྲོམ་གཟིགས་ཁང་གི་དངོས་ཟོག་ཙག་ཙིག་སྡེབ་འཚོང་རྒྱབ་སའི་ཁྲོམ་རྭ་འདི་ལྷ་སའི་ཚོང་ཟོང་ཙག་ཙིག་སྡེབ་འཚོང་རྒྱབ་སའི་ཁྲོམ་རྭ་ཆེ་ཤོས་འདི་ཡིན་པ་དང། འདིའི་ནང་གི་ཚོང་རྒྱག་མཁན་གཙོ་བོ་རྒྱ་ནག་གི་ཧུའུ་སྦད་དང་ཧྲན་ཤིའི་གི་རྒྱ་མི་ཚོང་པ་ཚོ་ཡིན་པ་མ་ཟད། དེ་བཞིན་ཀན་སུའུ་དང་མཚོ་སྔོན་ནས་ཡོང་བའི་ཁ་ཆེའི་ཚོང་པ་ཡང་ཡོད་པ་རེད། ད་ལྟ་སྦད་ཏུའུ་དྲ་རྒྱའི་ཐོག་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁྲོམ་རྭ་ཅེས་བྲིས་ནས་འཚོལ་ཞིབ་བྱེད་སྐབས་རྩོམ་ཡིག་ཁག་མི་འདྲ་བ་གཉིས་མཐོང་བྱུང༌། གནས་ཚུལ་གཅིག་ནི་ལྷ་སར་འདྲ་བཤུས་བྱས་ནས་བཟོས་པའི་ཧན་ཀྲེང་ཁྲོམ་གཞུང་ཐོག་ཧུའུ་སྦད་ཀྱི་མི་ཡོད་པ་ཟེར་རྩོམ་ཞིག་འདུག ཧན་ཀྲེང་ཁྲོམ་གཞུང་ཟེར་བ་འདི་ཧུའུ་སྦད་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ནང་ཡོད་པ་དང་། རྒྱ་ནག་ནང་སྐད་གྲགས་ཡོད་པའི་ཚོང་ཟོག་ཙག་ཙིག་བཙོང་སའི་ཁྲོམ་གཞུང་གཅིག་ཡིན་པ་རེད། གནས་ཚུལ་ནང་འཁོད་པར་ལྷ་སའི་པེ་ཅིང་ཤར་ལམ་ཐོག་ཡོད་པའི་ཁྲོམ་གཟིགས་ཁང་གི་དངོས་ཟོག་ཙིག་ཙིག་སྡེབ་འཚོང་རྒྱག་སའི་ཁྲོམ་རྭ་འདིར་ལྷ་སའི་ཧན་ཀྲེང་ཁྲོམ་གཞུང་ཅེས་འབོད་ཀྱི་ཡོད་པ་བརྗོད་བཞག གང་ཡིན་ཞུས་ན་འདིའི་ནང་ཚོང་རྒྱག་མཁན་བརྒྱ་ཆ་༨༠ཧུའུ་སྦད་ཀྱི་མི་ཡིན་པ་རེད། འདིའི་ནང་གྱོན་ཆས་དང་ཕྲུ་གུའི་རྩེད་ཆས། རས་ཆ། ཉལ་ཁྲིའི་སྟེང་བེད་སྤྱོད་བྱེད་པའི་ཉལ་ཆས་ལ་སོགས་པའི་ཚོང་ཟོག་དང་། དེ་བཞིན་ཁབ་རྐུད། ལྷམ་དང་ཞྭ་མོ་ལ་སོགས་པའི་དངོས་ཟོག་ཧན་ཀྲེང་ཁྲོམ་གཞུང་ཐོག་ཡོད་པ་ཆ་ཚང་ཁྲོམ་གཟིགས་ཁང་ནང་ཧ་ལམ་ཚང་མ་ཡོད་པ་རེད་ཅེས་འཁོད་བཞག ད་དུང་གནས་ཚུལ་གཞན་ཞིག་ནང་འགོ་བརྗོད་དུ་སྐུ་འབུམ་གྱི་མི་ལྷ་སར་འཚོ་བ་ཟེར་བའི་རྩོམ་གཅིག་ཡོད་པ་དང་དེའི་ནང་གི་སྐུ་འབུམ་གྱི་མི་ཟེར་བ་འདི་མཚོ་སྔོན་ཞིང་ཆེན་སྐུ་འབུམ་རྫོང་ནས་ཡིན་པའི་རྒྱ་ཁ་ཆེ་ཚོ་ཡིན་པ་རེད། གནས་ཚུལ་ནང་འཁོད་པར། པེ་ཅིང་ཤར་ལམ་ནི་ལྷ་ས་གྲོང་ཁྱེར་གྱི་དངོས་ཟོག་ཙག་ཙིག་བཙོང་ཡུལ་ཞིག་ཡིན་པ་དང་འདིར་ཚོང་ཁང་ལྔ་བཅུ་ལྷག་ཙམ་ཡོད་པའི་ནང་ཚོང་ཁང་༢༥ཙམ་ནི་སྐུ་འབུམ་ནས་ཡོང་པའི་རྒྱ་ཁ་ཆེ་ཚོའི་ཚོང་ཁང་ཡིན་ཞིང་ཚོང་གཉེར་བྱེད་ཡག་གཙོ་བོ་ནི་ཤིན་ཏོག་སྐམ་པོ་དང་ཁ་ཟས། འོ་རྩམ། སྟབས་བདེའི་ཐུག་པ། བྱི་རིལ་སོགས་བཟའ་ཆའི་རིགས་ཀྱི་ཚོང་ཟོག་ཡོད་ལ། ཚོང་ཁང་ཁག་གི་བདག་པོ་ཚོ་ཏའ་ཚལ། ཧྲང་ཤིན་ཀྲོང༌། ཀུང་ཧེའི་སོགས་ས་གནས་ཀྱི་ཞིང་པ་དང་། ལས་ཀ་ཤོར་བའི་ལས་བཟོ་ཡང་ཡོད་པ་རེད། སྐུ་འབུམ་ནས་བོད་ལ་རསྐྱོད་མཁན་གྱི་ཚོང་པ་ཚོས་རང་ཉིད་ཀྱི་འབད་བརྩོན་བྱས་པ་དང་འཇོན་ཐང་ལ་རྟེན་ནས་ལྷ་ས་གྲོང་ཁྱེར་གྱི་བཟའ་ཆའི་རིགས་ཀྱི་ཁྲོམ་རྭ་འདི་ཟིན་ནས་ཡོད་པ་རེད།
ཁྲོཁྲོམ་གཟིགས་ཁང་གི་ཙག་ཙིག་སྡེབ་འཚོང་ཁང་འདི་ནས་གྲངས་ལས་འདས་པའི་ཚོང་ཟོག་ཙག་ཙིག་མང་པོ་འགྲིམ་ཚོང་བྱེད་ཀྱི་ཡོད། གང་ཡིན་ཞུས་ན་འདིའི་ནང་གི་ཚོང་ཟོག་རིན་གོང་དམའ་བ་དང་། ཉོ་ཆ་རྒྱབ་པར་ཡོང་མཁན་གཙོ་བོ་ཧ་ལམ་ཚང་མ་བོད་པ་ཡིན་པ་རེད། དེ་ཡང་བོད་པའི་ནང་གི་དཔལ་འབྱོར་ཡོང་བབ་དམའ་བའི་མི་དང་གྲོང་ཁྱེར་ནང་གི་མང་ཚོགས་དབུལ་ཕོངས་ཚོ། དེ་བཞིན་ཞིང་འབྲོག་མང་ཚོགས་སོགས་ཡིན་པ་རེད། དེར་རྟེན་འདིའི་ནང་ཚོང་རྒྱག་མཁན་གྱི་ཕྱི་ནས་ཡོང་བའི་མི་རིགས་གཞན་ཚོས་ཀྱང་ཚང་མས་བོད་སྐད་ཚིག་རེ་གཉིས་བཤད་ཐུབ་ཀྱི་ཡོད་ལ། འགའ་རེ་བོད་ནང་སླེབས་ནས་དུས་ཡུན་རིང་པོ་སོང་བར་རྟེན་བོད་སྐད་བདེ་པོ་ཆགས་ཡོད། དེ་མིན་ཕྱི་ནས་ཤུགས་ལས་བྱེད་པར་ཡོང་མཁན་མི་མང་པོ་ཡང་འདིར་ཉོ་ཆ་རྒྱབ་པར་ཡོང་གི་ཡོད། ཡང་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁྲོམ་རྭ་འདི་བོད་ནང་གི་སྤུས་ཁ་ཞན་པའི་དངོས་ཟོག་རྫུན་མ་བསྡུ་འགྲེམ་བྱེད་སའི་ལྟེ་གནས་ཆེ་ཤོས་ཞིག་ཡིན་པ་ལྷ་སའི་མི་ཚང་མས་ཤེས་ཀྱི་ཡོད་པ་རེད། ལྷ་སར་དགོད་དྲོའི་གཏམ་འདི་འདྲ་ཞིག་དར་ཡོད་པ་སྟེ། བརྗོད་ཡག་ལ་ཐེངས་ཞིག་རྒྱལ་ཁབ་རིམ་པའི་དངོས་ཟོག་གི་སྤུས་ཚད་ཞིབ་བཤརེ་རྟགས་དཔྱད་བྱེད་མཁན་གྱི་ཚན་པའི་ལས་དོན་རུ་ཁག་གཅིག་ལྷ་ས་སླེབས་ནས་ལྷ་སའི་ཁྲོམ་རྭ་དང་དམིགས་བསལ་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁྲོམ་རྭ་འདིར་རྟགས་དཔྱད་ཞིབ་བཤེར་བྱས་པའི་རྗེས་ཐག་གཅོད་ཀྱི་བྱ་ཐབས་གང་ཡང་ལག་བསྟར་མ་བྱས་པར་ཕྱིར་ལོག་བྱས་ཡོད་པ་རེད། ལྷ་སར་དངོས་ཟོག་རྫུན་མ་སྣ་ཁ་གཅིག་ཀྱང་རྟགས་དཔྱད་ཞིབ་བཤེར་བྱེད་མི་ཐུབ་པ་ཡིན་ནམ། མ་རེད། རྩ་བ་ནས་མ་རེད། དོན་དངོས་ཐོག་ལས་དོན་རུ་ཁག་གིས་རྟགས་དཔྱད་བྱས་པའི་འབྲས་བུ་ནི་ཧ་ལམ་ཚང་མ་སྤུས་ཁ་ཞན་པའི་དངོས་ཟོག་རྫུན་མ་ཡིན་པར་རྟེན་ལས་དོན་རུ་ཁག་ནས་རྟགས་དཔྱད་ཀྱི་ལས་དོན་ཁག་མཚམས་འཇོག་མ་བྱེད་རང་བྱེད་ཐུབ་ཡོད་པ་རེད་འདུག གང་ཡིན་ཞུས་ན་གལ་ཏེ་ཐག་གཅོད་བྱས་པ་ཡིན་ན་ལྷ་སའི་ཁྲོམ་རྭ་ཐོར་རྒྱུ་རང་ཡིན་པ་རེད།
དངོས་གནས་བྱས་ན་འདི་དགོད་དྲོའི་གཏམ་ཞིག་མ་ཡིན་པར་གནས་ཚུལ་ངོ་མ་ཡིན་པ་རེད། ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁྲོམ་རྭ་འདིའི་ནང་སྐད་གྲགས་ཡོད་པའི་མིང་བེད་སྤྱོད་བྱས་པའི་དངོས་ཟོག་རྫུན་པ་སྣ་ཚོགས་དང་དུས་ཚོད་ཡོལ་བའི་དངོས་ཟོག་སྣ་ཚོགས་ཀྱིས་ཁེངས་ནས་ཡོད། གང་ལྟར་རྒྱ་ཡིག་མ་ཤེས་མཁན་གྱི་བོད་པ་མང་པོ་འདིར་སྐྱོད་ཀྱི་ཡོད་པ་རེད་ལ། འདིར་དངོས་ཟོག་རིན་གོང་དམའ་བ་ཡོད། རང་ལ་སྒོར་འགའ་ཤས་ལས་མེད་པས་དངོས་ཟོག་རྫུན་མ་མ་ཉོས་ན་ད་དུང་གང་ཉོ་ཐུབ་ཀྱི་རེད་དམ། ཡིན་ནའི་ཞེད་སྣང་ཆེ་བ་ཞིག་ལ་ལྷ་སར་བྱ་དངོས་གསར་པ་དཔྱིད་ཀྱི་དཔལ་ཡོན་ལྟར་ཤར་བའི་རྫིགས་ཉམས་དོད་པའི་ཁྲོམ་རྭ་ཆེན་པོ་འདི་ཚོས་ཀྱང་ཁྲོམ་གཟིགས་ཁང་གི་དངོས་ཟོག་ཙག་ཙིག་སྡེབ་འཚོང་གི་ཁྲོམ་རྭ་ནས་ཚོང་ཟོག་ཐེན་གྱི་ཡོད་པ་རེད་འདུག ན་ནིང་ཟླ་བ་བརྒྱད་པའི་ནང་གུས་མོས་ལྷ་སའི་ནུབ་ངོས་སུ་ཡོད་པའི་ཚོང་ཁང་ཆེ་ཤོས་སྦད་ཧྲེང་ཁྲོམ་རྭར་བཅར་འདྲི་ཞུ་བར་ཐེངས་གཅིག་སྐྱོད་མྱོང་ཡོད། ཚོང་ཁང་འདིའི་འགན་འཛིན་མི་སྣས་ཁྲ་ཁྲ་སིལ་སིལ་གྱི་དངོས་ཟོག་ལ་འཛུབ་མོ་བཙུགས་ཏེ་ངོས་ལེན་བྱ་དོན་ལ་ཚོང་ཟོག་ཁག་གཅིག་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁྲོམ་རྭ་ནས་ཐེན་པ་རེད་ཅེས་དང་ཡང་ཁོང་གིས་རྒྱུ་མཚན་གསེད་བཀྲོལ་བྱས་ནས་བརྗོད་པར་ད་ལྟ་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁྲོམ་རྭ་འདི་སྔོན་མ་དང་བསྡུར་ཐབས་མེད་པ་ཞིག་རེད། རྫུན་མ་མེད་པ་དང་དངོས་ཟོག་སྤུས་ཚད་ཞིབ་བཤེར་ཚན་པ་ནས་རྟག་ཏུ་རྟགས་དཔྱད་བྱེད་པར་ཡོང་གི་ཡོད། དེས་མ་ཚད་ང་ཚོའི་ངོས་ནས་ཀྱང་ཁྲོམ་གཟིགས་ཁང་ནས་ཚོང་ཟོག་འཐེན་པ་ཡིན་ན་སྟབས་བདེ་བ་འདུག དེས་མིན་ན་བོད་དང་རྒྱ་ནག་དབར་རྒྱང་ཐག་རིང་པོ་ཡིན་པ་དང་དངོས་ཟོག་དབོར་འདྲེན་ཐོག་ལ་ཡང་ལས་སླ་པོ་རྩ་བ་ནས་མེད་པ་རེད་ཅེས་བརྗོད་བྱུང༌། བཅར་འདྲི་འདི་ཞུ་སྐབས་གུས་མོས་སྐབས་འཕྲལ་བརྙན་པར་ཡང་རྒྱབ་ཡོད་པས་འདིའི་ཁྲོད་ནས་དཔང་རྟགས་བྱས་ཆོག
དེར་རྟེན་འདི་ལོ་ཟླ་བ་བརྒྱད་པའི་ནང་གུས་མོ་ལྷ་ས་ཡོད་སྐབས་མི་ཚང་མས་བརྗོད་ཡག་ལ་ཟླ་བ་གསུམ་པའི་ཚེས་༡༤ཉིན་མོ་འདིར་བོད་མི་ཚོས་ཁྲོམ་གཟིགས་ཁང་གི་སྡེབ་འཚོང་ཁྲོམ་རྭ་འདི་མེ་སྲེག་བཏང་བར་རྒྱུ་མཚན་ཡོད་པ་བརྗོད་ཀྱི་འདུག བོད་མི་ཚོར་སྤུས་ཁ་ཞན་པའི་དངོས་ཟོག་རྫུན་མའི་ཁྲོད་ནས་གྱོང་གུན་ཆེན་པོ་བྱུང་ཡོད་པ་རེད། ཡིན་ནའི་ལྷ་སའི་ནང་དངོས་ཟོག་ཙག་ཙིག་སྡེབ་འཚོང་རྒྱབ་སའི་ཁྲོམ་རྭ་ཁྲོམ་གཟིགས་ཁང་གཅིག་པོ་མ་ཡིན་པར་ཉེ་བའི་ལོ་ཤས་ནང་ཁྲོམ་གཟིགས་ཁང་དང་འདྲ་བའི་སྡེབ་འཚོང་ཁྲོམ་རྭ་གཞི་རྒྱ་ཆེན་པོ་ཞིག་གསར་སྐྲུན་བྱས་ཡོད་པ་འདི་ཟང་ངི་ཟིང་ངི་ཡོད་སའི་ཉི་འོད་གླིང་ཕྲན་ཟེར་བ་འདིའི་ཐོག་ཡོད་པ་རེད་འདུག མིང་ངོ་མ་ནི་ཀྲུང་ཧེའི་རྒྱལ་སྤྱིའི་གྲོང་གི་དངོས་ཟོག་ཙག་ཙིག་སྡེབ་འཚོང་ཁྲོམ་རྭ་ཅེས་འབོད་ཀྱི་ཡོད། དེའི་ནང་སྤུས་ཁ་ཞན་པའི་དངོས་ཟོག་རྫུན་མའི་ཚད་གཞི་འདི་མེད་ན་མ་གཏོགས་ཧ་ལམ་ཚང་མ་འདིར་འཛོམས་ཡོད། གུས་མོའི་གཅུང་མོས་དེ་སྔོན་འདིའི་ནང་ནས་ཁོང་གི་བུ་མོར་རྩེད་མོ་རྩེད་ཡག་གི་ཕྲུ་གུ་ཆུང་ཆུང་གཉིས་གསུམ་ཙམ་ཉོ་མྱོང་ཡོད་པ་དེ་ཚོ་ཚང་མ་དངོས་ཟོག་རྫུན་མ་ཤ་སྟག་རེད། འདིའི་ནང་ནས་ད་དུང་བོད་སྨན་ཡང་བཙོང་གི་ཡོད། དེ་ཡང་ཆེད་མངགས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དམིགས་ནས་བོད་སྨན་རིན་གོང་མཐོ་པོ་བྱས་ཏེ་བཙོང་གི་ཡོད། ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་དང་ཚོང་ཁང་དབར་སྐད་ཆ་བྱས་ནས་སྣེ་ཤན་པས་ཡུལ་སྐོར་བ་ཚོ་འདིར་ཁྲིད་ཡོང་ཏེ་འུད་ཤོབ་ཧང་སང་ཡག་བཤད་ནས་བོད་སྨན་ངོ་སྤྲོད་བྱེད་ཀྱི་ཡོད་པས་ཡུལ་སྐོར་བ་ཚོས་ད་དུང་དངོས་ཟོག་ངོ་མ་ཞིག་ཉོ་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་དང་འདྲ་བར་སྤུས་ཁ་ཞན་པའི་དངོས་ཟོག་རྫུན་མ་བསྡུ་འགྲེམ་བྱེད་ཡུལ་གྱི་ལྟེ་གནས་འདི་ལྷ་ས་གཅིག་པོར་མ་ཡིན་པར་བོད་ཀྱི་ཤང་གྲོང་ས་གནས་ཚང་མའི་ནང་གནས་ཡོད་པས་གཞུང་དྲང་ཞིང་བབ་ཆགས་པའི་ཞིང་འབྲོག་མང་ཚོགས་མང་པོར་དཀའ་ངལ་བཟོས་ཡོད་པ་རེད། འདི་ནི་ཧ་ཅང་ཛ་དྲག་པོའི་སྤྱི་ཚོགས་ཀྱི་གནད་དོན་གཅིག་ཡིན་པས་གཞུང་ཕྱོགས་ཀྱིས་ནན་ཏན་ངང་ཐག་གཅོད་ཡོང་བའི་རེ་བ་བྲྱེད་རྒྱུ་ལས་མེད་པ་རེད་ལ། ཡང་ན་མང་ཚོགས་ཚོས་གནས་ཚུལ་དངོས་རྣམས་ཤེས་བཅུག་རྒྱུ་ལས་མེད་པ་རེད།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།
(ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལེ་ཚན་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་རྩོམ་བྲིས་གནང་བ་འདི་སྒྲོལ་དཀར་ནས་སྒྱུར། )


(འདྲ་པར་འདི་རྣམས་འོད་ཟེར་ལགས་ཀྱི་ཟིན་བྲིས་དོ་རྭའི་སྟེང་ནས་ལེན།)

གནས་སྣང་དགོན་པར་ས་ཡོམ་གྱི་གནོད་འཚེ་ཕོག་པ།

ཟླ་༡༠ཚེས་༦ཉིན་བོད་ཀྱི་འདམ་གཞུང་རྫོང་ནང་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་ལྷ་ས་ཚུད་པའི་དེ་མིན་ས་གནས་མང་པོ་ཞིག་ལ་ཡང་གནོད་འཚེ་བྱུང་ཡོད་པ་དང་། རྒྱ་ཡིག་གི་དྲ་རྒྱ་གཅིག་གི་ཐོག་ནས་ལྷ་སའི་ཉེ་འགྲམ་གྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་པའི་ཀརྨ་བཀའ་རྒྱུད་ཀྱི་གནས་སྣང་དགོན་པར་ཡང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་ཤེས་རྟོགས་བྱུང༌། དྲ་རྒྱ་འདིའི་ཐོག་ནས་གཤམ་གྱི་འདྲ་པར་འདི་རྣམས་མཐོང་བྱུང༌།





དེ་རིང་གི་ཉིན་མོ།

༢༠༠༧ལོའི་ཟླ་༡༠ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གྲོས་ཚོགས་ཀྱི་གཟི་བརྗིད་ཆེ་བའི་གསེར་གྱི་གཟེངས་རྟགས་འདི་བཞིན་ཨ་རིའི་གྲོས་ཚོགས་ནང་སྲིད་འཛིན་སྦུ་ཞི་མཆོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་པའི་ཆེས་མཐོའི་མི་སྣ་ཚོ་ལྷན་འཛོམས་ཐོག་འབུལ་གནང་མཛད་ཡོད་པ་རེད།

འདམ་གཞུང་ལ་ས་ཡོམ་བྱུང་བའི་ཁྲོད་ནས་བཀའ་དྲིན་ཚོར་བཅུག་པའི་གོ་སྐབས་ཞིག་མ་ཡིན།

t1010-td.mp3གསན་ན།
འོད་ཟེར་གྱི་གླེང་སྟེགས།
དྲ་རྒྱའི་སྟེང་བོད་མི་འགའ་རེས་ངོ་སྤྲོད་བྱ་དོན་ལ། གཙང་གི་བཀྲ་ཤིས་ལྷུན་པོ་དགོན་པ་ནས་པར་སྐྲུན་གནང་བའི་འབྲེལ་ཡོད་རབ་གནས་ས་བྱི་ལོའི་བོད་ཀྱི་ལོ་ཐོའི་ནང་ལོ་འདིར་སྔོན་དཔག་ཞིག་གནང་ཡོད་པ་སྟེ་ལོ་འཁོར་མའི་ནང་རླུང་འཚུབ་དང་ས་ཡོམ་ཡོད་པ་འཁོད་ཡོད་ལ། དེ་བཞིན་ཡང་ས་ཡོམ་དང་ཇག་རྐུན་མང་རུ་འགྲོ་རྒྱུ་ཡིན་པ་ཡང་འཁོད་ཡོད། འདིའི་ཁྲོད་ནས་ད་ལོ་ཐོན་པའི་རྒྱུན་ལྡན་མ་ཡིན་པའི་རང་བྱུང་གི་གནས་སྟངས་དང་མི་ཡུལ་གྱི་ཟང་ཟིང་གཡོ་འགུལ་འདི་རྣམས་ལ་ལྟ་དུས་མི་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་སྔོན་ནས་ཐོན་པའི་བོད་ཀྱི་ལོ་རྩིས་ཐོག་ནས་ཏག་ཏག་གནད་ལ་འཁེལ་བའི་འདེད་རྩིས་རྒྱག་ཐུབ་པ་དང་འདིའི་རིན་ཐང་འདིར་བསྔགས་བརྗོད་བྱེད་ཀྱི་ཡོད། ཡིན་ནའི་ལྟ་ཞིབ་ཚད་ལེན་དང་ས་ཡོམ་གྱི་སྔོན་བརྡ་གཙོ་བོ་བྱེད་མཁན་དང་ད་དུང་ས་གནས་ཁག་ནང་ས་ཡོམ་རྟོགས་ཞིབ་ལས་ཁུངས་དང་ས་ཡོམ་རྟོགས་ཞིབ་བབ་ཚུགས་ཆེད་མངགས་བཙུགས་ནས་དེང་རབས་ཚན་རིག་ཞིབ་འཇུག་གི་ཚན་པ་ཡིན་པ་འུད་ཤོབ་སྒྲོགས་ཀྱི་ཡོད་ན་ཡང་ག་དུས་ཡིན་རུང་དོན་དག་ཚར་རྗེས་བློ་བཀོད་འདོན་གྱི་ཡོད།
ཟླ་བ་བཅུ་པའི་ཚེས་དྲུག་ཉིན་ལྷ་སའི་ཉེ་འགྲམ་གྱི་འདམ་གཞུང་རྫོང་ལ་ས་ཡོམ་འགུལ་ཚད་6.6བྱས་པ་ཞིག་རྒྱབ་ཡོད་པ་དང་དེའི་ཁྲོད་ནས་ལྷ་ས་དང་གཞིས་རྩེ་སོགས་ས་ཁུལ་ཁག་གཅིག་ལ་མངོན་གསལ་དོད་པོའི་གཡོ་འགུལ་བྱུང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ས་ཡོམ་རྟགས་དཔྱད་ཚན་པ་ནས་ས་ཡོམ་གྱི་རྗེས་སྙན་ཐོ་ཞིག་བཏོན་ཡོད་པར་གཞིགས་ན། ཚེས་༨ཀྱི་དགོང་དྲོ་ཆུ་ཚོད་བཅུ་དང་སྐར་མ་༥༠བར་འདམ་གཞུང་ཁུལ་དུ་འགུལ་ལྷག་ཐེངས་༤༩༠ལྷག་ཙམ་རྒྱབ་ཡོད་པ་དང་། དེའི་ནང་འགུལ་ཚད་3.0ནས་འགུལ་ཚད་3.9བྱས་པ་ཐེངས་༡༩རྒྱབ་ཡོད་པ། འདི་ནས་འགུལ་ཚད་5.0ཡན་གྱི་རིམ་པ་མི་འདྲ་བའི་འགུལ་ལྷག་ཐེངས་གཉིས་རྒྱབ་ཡོད་པ་རེད་འདུག འདི་ལོ་ཟླ་བ་ལྔ་པའི་ནང་ལུང་འགོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཞིག་ཐོན་པ་འདིའི་ཁྲོད་ནས་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གོན་ཆེན་པོ་ཕོག་ཡོད་པས་གསར་འགྱུར་བརྒྱུད་ལམ་གྱི་བརྙན་འཕྲིན་དང་ཡིག་ཐོག་སོགས་མང་པོའི་ཐོག་ནས་མུ་མཐུད་གནས་ཚུལ་ཕོན་ཆེན་སྤེལ་བར་རྟེན་མི་ཚོས་འདི་ལྟ་བུའི་གཡོ་འགུལ་ཁྲོད་ནས་ས་ཡོམ་གྱི་ཉེན་ཁའི་རང་བཞིན་འདི་ཤེས་འཚོར་ཐུབ་ཡོད་ལ། སེམས་ནང་ལ་ཡང་ས་ཡོམ་གྱི་བག་ཆགས་གཟབ་མོ་ཞིག་བྱུང་ཡོད་པ་རེད། ཉིན་ཤས་རིང་དཔེར་ན་ལྷ་སར་མི་རྣམས་དངངས་སྐྲག་སྐྱེ་བ་དང་སློབ་གྲྭ་ཁག་སྔོན་ལ་འགྲོལ་བ་འམ་ཡང་ན་དགུང་གསེང་བཞག་པ། ཕོ་བྲང་པོ་ཏྰ་ལའི་ཐང་ཆེན་དང་ལྷ་ལྡན་གཙུག་ལག་ཁང་གི་ཐང་ཆེན་སོགས་ས་སྟོང་ཡོད་སར་མོ་ཀྲ་དང་མིས་ཁེངས་ནས་ཡོད་པ་རེད་འདུག ས་ཡོམ་ནི་རྟག་ཏུ་གློ་བུར་དུ་ཡོང་གི་ཡོད་པས་ས་ཡོམ་གྱི་སྔོན་བརྡ་གང་ཡང་མ་འབྱོར་བའི་གནས་སྟངས་འོག་མི་ཚོས་ཐབས་ཤེས་སྣ་ཚོགས་བེད་སྤྱད་ནས་རང་སྲུང་བྱེད་རྒྱུ་རང་ཡིན། གུས་མོས་གོ་ཐོས་བྱུང་བའི་འགེག་བར་ལས་གཡོལ་ཐབས་ཀྱི་ཐབས་ཤེས་གཅིག་ནི་ཁང་པའི་སྟེང་ལ་ས་དཀར་གྱིས་གཡུང་དྲུང་རི་མོ་བྲིས་པ་དང་དེ་ནས་འབྲས་ཀྱིས་ཁེངས་པའི་ཁོག་མ་དཀར་པོ་འདི་གཡུང་དྲུང་གི་རི་མོ་འདིའི་དབུས་སུ་བཞག་དགོས་ཀྱི་ཡོད་པ་རེད། གཡུང་དྲུང་ནི་བོན་ཆོས་ཀྱི་མཚོན་རྟགས་ཞིག་ཡིན་པ་དང་བོན་ཆོས་ནང་ལ་ས་གཞི་ཁམས་ཀྱི་ལྷ་ཚང་མ་འདུས་ཡོད་པས་འདི་འདྲ་བྱས་པ་ཡིན་ན་བསྙེན་བཀུས་ཞུས་པ་ཞིག་ཆགས་ཀྱི་ཡོད། དེ་ཡང་བཀུར་ཞིང་སྐྲག་པ་དང་སེམས་གསོ་རང་ཡིན་པ་རེད།
ལྷ་མེད་སྨྲ་བའི་གཞུང་གི་ངོས་ནས་ཞུས་ན། འདིར་གཏན་གཏན་ཁྲེལ་དགོད་བྱེད་རྒྱུ་རང་རེད། ཉིན་ཤས་རིང་གི་གནས་སྟངས་ཐོག་ནས་བལྟས་ན། གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནས་དང་ཐོག་གནོད་འཚེ་ཕོག་ཡུལ་ལ་མི་༣༠ལྷག་ཙམ་ཞིག་འདས་གྲོང་ལ་སོང་ཡོད་པ་བརྗོད་པ་དང་དེ་རྗེས་ཆུ་ཚོད་ཁ་ཤས་ཕྱིན་པའི་རྗེས་འདས་གྲོང་ལ་ཕྱིན་པའི་གྲངས་ཚད་མི་བཅུ་ལ་སྒྱུར་བ་བཏང་ཡོད། འདིའི་དབར་ལ་ཁྱད་པར་ཆེན་པོ་ཕྱིན་ཡོད་པ་རེད། ཡིན་ནའི་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནས་འགྲེལ་བརྗོད་གང་ཡང་བྱས་མེད། ཡིན་ནའི་ལྷ་སའི་ནང་གི་སྟབས་བདེའི་ལག་ཐོག་ཁ་པར་སྟེང་འཕྲིན་ཐུང་འདི་འདྲ་ཞིག་འབྱོར་གྱི་ཡོད་པ་སྟེ་དཀྲོག་གཏམ་འདི་རྣམས་བཀག་དགོས་པ་བརྗོད་ཀྱི་ཡོད་པ་ཡིན་རུང་དཀྲོག་གཏམ་འདི་དང་ཐོག་གཞུང་ཕྱོགས་རང་ཉིད་ཀྱི་གསར་འགྱུར་ཐོག་ནས་ཐོན་པ་ཞིག་རེད། ད་དུང་གཞན་ཞིག་ནང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་འདམ་གཞུང་ས་གནས་རང་གི་སྨན་ཁང་ལ་གནས་ཚུལ་རྩད་གཅོད་ཞུ་སྐབས་གནོད་འཚེ་ཕོག་ཡུལ་གྱི་མི་དམངས་ཚོའི་རྨས་སྐྱོན་གྱི་གནས་སྟངས་སོགས་གསང་དབང་ལ་རྩིས་ནས་གསར་འགོད་པར་བརྗོད་ཀྱི་མེད་པ་རེད་འདུག འདི་རྒྱུ་མཚན་གང་ཡིན་ནམ། དམིགས་ཡུལ་གང་ཞིག་ཡིན་ནམ། ས་ཡོམ་ནི་རང་བྱུང་གི་གནོད་འཚེ་ཞིག་ཡིན་པས་འདིར་གསང་བ་དམ་པོ་འདི་འདྲ་བྱེད་དགོས་དོན་གང་ཡོད། ཡིན་ནའི་དོ་སྣང་བྱེད་དགོས་པ་ཞིག་ལ། གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ཚང་མ་བྱས་རྗེས་དང་བཀའ་དྲིན་ལ་བསྟོད་བསྔགས་བྱེད་པ་ཤ་སྟག་དང་བརྙན་པར་ཚང་མའི་ནང་ཐོན་ཡག་མང་ཤོས་ནི་དཔོན་རིགས་དང་བཅིང་འགྲོལ་དམག དྲག་ཆས་ཉེན་རྟོག་པ། དེ་བཞིན་ཉེན་རྟོག་པ་བཅས་ཡིན་པས་ཚང་མ་རང་བྱུང་གནོད་འཚེ་འདིའི་ནང་མྱུར་སྐྱོབ་བྱེད་མཁན་གྱི་དཔའ་བོ་ལ་འགྱུར་ཡོད་པ་རེད། ཡིན་ན་ཡང་འདིའི་སྔོན་ལ་ཟླ་བ་གསུམ་པ་ནས་བོད་ས་ཡོངས་ནང་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་འདི་འདྲ་ཐོན་པའི་སྐབས་དམག་མི་དང་ཉེན་རྟོག་པ་ཚོས་ཁྱོན་ཡོངས་ཀྱི་དྲག་ཆས་སྤྲད་དེ་བོད་ཀྱི་ས་གནས་སུ་ཚར་གཅོད་གཙང་སེལ་བཟོས་ནས་མང་ཚོགས་ལ་དྲག་གནོན་བྱེད་པའི་རང་གཤིས་འདི་གསལ་པོར་བཏོན་ཡོད་པ་རེད། འདི་ལྟ་བུའི་གནམ་ས་འཛོལ་བའི་རྣམ་འགྱུར་ལ་འཕྲལ་དུ་སྒྱུར་བ་བཏང་དགོས་དོན་ནི་དམག་མི་དང་ཉེན་རྟོག་པའི་ངན་པ་ཐ་ཤལ་གྱི་བག་ཆགས་འདིར་འགྱུར་ལྡོག་ཡོང་བའི་ཆེད་དུ་ཡིན་ས་རེད། དོན་དངོས་ཐོག་གཞུང་ཕྱོགས་ནས་སྒྱུར་བ་བཏང་ཡོད་པ་གང་ཡང་ར་སྤྲོད་ཐུབ་རྒྱུ་མིན་པ་རེད། དབང་སྒྱུར་ཤོག་ཁའི་ཕྱོགས་ཀྱི་དབང་འཛིན་པའི་ངོས་ནས་ཞུས་ན། གོད་ཆག་ཆེན་པོ་འདི་འདྲ་ཞིག་ལ་མྱུར་སྐྱོབ་བྱེད་ཡག་འདི་ཚང་མའི་ལས་འགན་ཞིག་ཆགས་ཀྱི་ཡོད། ཡིན་ནའི་གཞུང་ཕྱོགས་ཀྱིས་རྒྱུན་དུ་ནས་བྱ་བ་ངན་པ་ཞིག་བྱ་བ་བཟང་པོ་ཞིག་ལ་སྒྱུར་ཡག་འདི་ཁོང་ཚོའི་ཁྱད་ཆོས་ཞིག་ཆགས་ཡོད་པས་རྒྱ་ཆེའི་མང་ཚོགས་ཚོས་མིག་ཆུ་བཏང་བཞིན་བཀའ་དྲིན་སེམས་བཅངས་བྱེད་བཅུག་ཡག་འདི་ཁོང་ཚོའི་ཁྱད་ཆོས་རེད། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དྲིན་ཅན་ཡིན་ཟེར་བའི་སྲིད་དོན་གྱི་བྱེད་སྟངས་འདི་ས་ཡོམ་གྱི་གོད་ཆག་ཁྲོད་གསལ་པོ་བཏོན་གྱི་ཡོད་པ་མ་ཟད། ད་དུང་ས་ཡོམ་གྱི་རྗེས་ལ་ཡང་ཉིན་ལྟར་རྫོགས་རྒྱུ་མེད་པ་ནན་བརྗོད་བྱེད་པ་དང་ཟླ་བ་ཆ་ཚང་བརྗོད་པ། ལོ་ལྟར་བརྗོད་པ་སོགས་བྱེད་ཀྱི་ཡོད་པས་ང་ཚོས་རྗེས་ལ་ལྟ་རྒྱུ་རེད།
ས་ཡོམ་རྟོག་ཞིབ་མཁས་དབང་ནས་ཉེ་ཆར་གསུང་པར། གངས་ལྗོངས་ས་མཐོའི་དམིགས་བསལ་གྱི་ས་གཤིས་ཆགས་ཚུལ་ཐོག་ནས་ས་གནས་འདིའི་ཁུལ་ལ་ས་ཡོམ་བསྟུད་མར་ཐོན་གྱི་ཡོད་པ་དང་ཉེ་ཆར་གྱི་དུས་ཚོད་ནང་གངས་ལྗོངས་མཐོའི་ཤར་ཕྱོགས་མཚམས་སུ་གཡོ་འགུལ་མང་ཙམ་ཡོད་པ་དང་ཡིན་ན་ཡང་འདིའི་ཐོག་ནས་ཟླ་དགུ་པ་དང་ཐ་ན་ཟླ་བ་བཅུ་པའི་ནང་གངས་ལྗོངས་ས་མཐོའི་ཤར་ལྷོ་ཁུལ་ལ་ས་ཡོམ་ཆེན་པོ་ཡོང་སྲིད་པ་གཏན་འཁེལ་བྱེད་རྒྱུ་མེད། འདི་
འདྲ་བརྗོད་དགོས་དོན་ནི་དེ་ལས་ཤུགས་ཚད་ཆེ་བའི་ས་ཡོམ་ཡོང་སྲིད་མིན་གྱི་ཐད་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་པས་གཅིག་བྱས་ན་ཡོང་སྲིད་པ་ཞིག་དང་ཡང་གཅིག་བྱས་ན་ཡོང་མི་སྲིད་པ་ཞིག་རེད། གངས་ལྗོངས་ས་མཐོའི་སྟེང་འཚོ་བ་བསྐྱལ་མཁན་གྱི་བོད་མི་ཚོའི་ངོས་ནས་ཞུས་ན། རང་བྱུང་གི་གནོད་འཚེར་ཁ་ཕྱོགས་སྐབས་ཐབས་ཤེས་གང་ཡང་མེད་པས་རེ་བ་གཅིག་ཡོད་པ་འདི་སྐབས་འཕྲལ་ས་ཡོམ་གྱི་འབྲེལ་ཡོད་ཤེས་བྱ་མང་ཙམ་རགས་ཐུབ་པའི་རེ་བ་དང་དེ་བཞིན་ས་ཡོམ་གྱི་སྔོན་བརྡ་དང་དེ་མིན་གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐབ་ཡོང་བའི་རེ་བ་བྱེད་རྒྱུ་རང་རེད།
དེ་མིན་ད་དུང་གྲོས་འགོ་ཁག་གཅིག་ཁ་སྣོན་བྱ་རྒྱུར་དང་པོ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གནོད་འཚེ་ཕོག་ཡུལ་དུ་གནས་ཚུལ་མཁོ་གྲུབ་ལ་བཏང་ནས་ས་ཡོམ་གྱི་གནས་ཚུལ་དང་མི་སྤྱོད་ཀྱི་རོགས་སྐྱོར་བྱེད་པར་བཏང་དགོས་པའི་བསམ་འཆར་ཕུལ་རྒྱུ་དང་། གཉིས་པ་རྒྱལ་སྤྱི་ཚོགས་པ་དང་དེ་བཞིན་ཕྱི་ཕྱོགས་སུ་ཡོད་པའི་བོད་མིའི་ཚོགས་པ་ཁག་གི་མི་སྤྱོད་རོགས་སྐྱོར་ལེན་དགོས་པའི་བསམ་འཆར་དང༌། གསུམ་པ་ད་ལྟའི་འཆར་གསར་འགྱུར་བརྒྱུད་ལམ་ཁག་ནས་གནོད་འཚེ་ཕོག་ཡུལ་དུ་དཔོན་རིགས་ཀྱིས་འཚམས་འདྲིར་སྐྱོད་པ་དང་དམག་མི་དང་ཉེན་རྟོག་པས་མྱུར་སྐྱོབ་བྱས་པ་སོགས་ཀྱི་བཀའ་དྲིན་སྙིང་བཅངས་དགོས་པའི་གནས་ཚུལ་མང་པོ་ཞིག་གཙོ་བོར་བྱས་ནས་སྤེལ་བ་ལས་གནོད་འཚེ་ཕོག་ཡུལ་གྱི་མི་དམངས་ཚོའི་འབོད་སྐུལ་དང་རེ་འདུན་འདི་རྣམས་བདེན་པ་བདེན་ཐོག་གི་སྤེལ་བ་མཐོང་རྒྱུ་དཀོན་པས་རེ་བར་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པས་དམངས་ཁྲོད་ལ་སྐྱོད་དེ་གནོད་འཚེ་ཕོག་ཡུལ་གྱི་མང་ཚོགས་ཚོའི་ཞིབ་ཕྲའི་དཀའ་ངལ་ལ་བརྒྱུས་མངའ་ཤེས་རྟོགས་ཡོང་བ་ཞུ་རྒྱུ་ཡིན།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།
(ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལེ་ཚན་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་རྩོམ་བྲིས་གནང་བ་འདི་སྒྲོལ་དཀར་ནས་སྒྱུར། )

དུག་རྫས་ཡོད་པའི་འོ་རྩམ་གྱིས་ལྷ་སའི་ཕྲུ་གུ་ཚོ་ཡང་ལུས་པོར་རྡོ་ཡོད་པའི་ཕྲུ་གུར་འགྱུར་བཞག

t1003-td.mp3གསན་ན།
འོད་ཟེར་གྱི་གླེང་སྟེགས།
པེ་ཅིང་གི་ཁྲོམ་རྭའི་ནང་འོ་མས་བཟོས་པའི་བཟའ་རིགས་གཙོང་ཡུལ་གྱི་ཁྲོམ་སྐྱག་ཚང་མ་སྟོང་པ་ཆགས་ཡོད་པས་སན་ཀླུའུ་རྟགས་ཅན་གྱི་བཟའ་རིགས་མཐོང་རྒྱུ་མེད་པར་འགྱུར་ཡོད་ལ། དེ་བཞིན་ཚོང་ཟོག་གི་མིང་ལ་མང་ཉུའུ་དང་ཡིས་ལིད། ཀོང་མིངས་སོགས་ཀྱི་འོ་མས་བཟོས་པའི་བཟའ་རིགས་ཡང་ཁྲོམ་སྐྱག་ཐོག་ནས་མེད་པ་བཟོས་ཡོད་པས་ཁྲོམ་རྭའི་ཐོག་ཧ་ལམ་སན་ཡོན་དང་ཐའ་ལུན་སུའུ་གཉིས་ཀྱི་མིང་ཡོད་པའི་ཚོང་ཟོག་ལས་ལྷག་མེད་པ་རེད་འདུག སན་ཡོན་ནི་པེ་ཅིང་རང་ནས་ཐོན་པའི་བཟའ་རིགས་ཞིག་ཡིན་པ་དང་འདིའི་ནང་དུག་རྫས་ཀྱི་རིགས་མེད་པའི་ཁས་ལེན་ཐེངས་མང་བྱེད་ཀྱི་ཡོད་རུང༌། པེ་ཅིང་གི་མི་ཚོས་གང་ལྟར་འདིར་དོག་པ་བྱས་ནས་བརྗོད་དོན་ལ། ངས་མིག་ཆེ་ཙམ་གདང་ན་མ་གཏོགས་སན་ཡོན་སན་ཀླུའུ་ལ་འགྱུར་སྲིད་ཀྱི་རེད་ཅེས་བརྗོད་མཁན་འདུག ཡིན་ནའི་རྒྱ་ནག་གི་ས་གནས་མང་པོར་པེ་ཅིང་གི་ཁྲོམ་སྐྱག་ཐོག་ནས་སྟོང་པ་བཟོས་ཟིན་པའི་འོ་མས་བཟོས་པའི་བཟའ་རིགས་ད་དུང་ཡང་མུ་མཐུད་གཙོང་བཞིན་ཡོད་པ་མ་ཟད། ད་དུང་གཅིག་ཉོས་ན་གཅིག་སྟེར་ནས་འཛད་སྤྱོད་པ་ཚོར་ཁེ་སངས་ཆེན་པོ་རགས་ཀྱི་ཡོད་པ་ལྟ་བུ་བྱེད་ཀྱི་ཡོད། ཧེའི་སྦད་དང་ཧྲན་ཤི་ཡི་དཔོན་རིགས་ནས་བརྙན་འཕྲིན་ཐོག་འོ་མ་མང་པོ་འཐུང་བ་དང་ཡང་ཀན་སུའུ་དང་ཧྲན་ཏུང་ཞིང་ཆེན་གྱི་སྲིད་གཞུང་ནས་བཀའ་ཡིག་འགྲེམ་སྤེལ་བྱས་ཏེ་ས་གནས་ཀྱི་མི་དམངས་ཚོས་འོ་མ་ཉོ་དགོས་པ་བརྗོད་ཡོད་དང་། འོ་མ་འདི་རྣམས་ཚང་མ་བློ་བདེ་པོ་བྱེད་ཆོག་པའི་འོ་མ་ཡིན་པས་འཐུང་པ་ཡིན་ན་གནད་དོན་གང་ཡང་མེད་པ་བརྗོད་བཞག
ཡང་ང་ཚོའི་ལྷ་སར་གང་འདྲ་ཡིན་ནམ། དུག་རྫས་ཡོད་པའི་འོ་རྩམ་གྱི་གནད་དོན་འདི་ཕྱི་བསྒྲགས་བྱུང་བའི་ཉིན་མོ་འདི་ནས་དུས་ད་ལྟ་བར་ཁྲོམ་རྭའི་ཐོག་མཐོང་རྒྱུ་མེད་པར་འགྱུར་བའི་འོ་རྩམ་གྱི་རིགས་ནི་སན་ཀླུའུ་རྟགས་ཅན་གྱི་ཕྲུ་གུ་དམར་བྱར་གྱི་བེད་སྤྱོད་བྱེད་པའི་འོ་རྩམ་འདི་ལས་དེ་མིན་གྱི་འོ་མས་བཟོས་པའི་བཟའ་རིགས་མིང་སྐད་གྲགས་ཡོད་པ་དང་མིང་མེད་པ་ཚང་མ་གཙོང་མཁན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་ཁུལ་ཚང་མའི་ནང་གཅིག་མཚུངས་རེད་འདུག དུག་རྫས་ཡོད་པའི་འོ་མ་དང་དུག་རྫས་ཡོད་པའི་འོ་རྩམ་གྱི་རིགས་འདི་ཚོས་ལྷ་ས་དང་དེ་མིན་བོད་ཀྱི་ས་ཁུལ་ཁག་ནང་གནོད་འཚེ་བཟོ་གི་མེད་པ་རེད་དམ། བོད་ས་ཡོངས་ནང་གི་མི་ཚོས་རང་ཉིད་ཀྱི་ཕྲུ་གུ་ཡང་ལུས་ལ་རྡོ་ཡོད་པའི་ཕྲུ་གུ་ཆགས་པར་སེམས་ཚབ་མེད་པ་རེད་དམ། ཐ་ན་རང་ཉིད་ཀྱི་ལུས་པོའི་ནང་ལ་ཡང་རྡོ་སྐྱེས་སྲིད་ཀྱི་མ་རེད་དམ། ཚང་མས་བོད་འདི་དྭངས་གཙང་གི་ས་ཆ་མཐའ་མ་འདི་ཡིན་པ་དང་། གནམ་སྔོ་ཞིང་སྤྲིན་པ་དཀར་བ། ནོར་ལུག་ཁྱུ་དང་ཁྱུ་ཡོད་པ་བརྗོད་ཀྱི་ཡོད་པས་རྒྱ་ནག་ནས་དབོར་འདྲེན་བྱས་པའི་འོ་མས་བཟོས་པའི་བཟའ་རིགས་འདི་རྣམས་གྲོང་ཁྱེར་ནང་གི་མི་ཚོས་མ་གཏོགས་ཉོ་མཁན་མེད་པར་བོད་མི་མང་ཆེ་བས་རྩ་ཐང་སྟེང་གནས་པའི་ཕྱུགས་ཟོག་གི་སྤུས་དག་འོ་མ་འདི་དག་བེད་སྤྱོད་བྱེད་བཞིན་ཡོད་པར་གུས་མོས་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའི་ལྷ་ས་མི་དམངས་སྨན་ཁང་གི་ཨེམ་ཆེས་བརྗོད་དོན་ལ་ཟླ་བ་དགུ་པའི་ཚེས་༡༨ཉིན་ནས་ཚེས་༢༢བར་རགས་རྩིས་བྱས་ན་ཕྲུ་གུ་ཆིག་སྟོང་ཙམ་ཞིག་རྟགས་དཔྱད་བྱེད་པར་སླེབས་ཡོད་པ་དང་དེའི་ནང་ལུས་པོར་རྡོ་ཆགས་ནས་ནད་གཞི་ལྗིད་པོ་ཡོད་པའི་ཕྲུ་གུ་༡༣སྨན་བཅོས་ཆེད་སྨན་ཁང་ལ་བསྡད་དགོས་བྱུང་ཡོད་པ་མ་ཟད། ད་དུང་ནད་གཞི་ཅུང་ཡངས་བའི་ཕྲུ་གུ་བཅུ་གྲངས་ཞིག་རང་ཁྱིམ་དུ་ཕྱིར་ལོག་བྱས་ནས་སྨན་བཅོས་བྱས་ཡོད་པ་རེད་འདུག དེའི་ནང་མང་ཆེ་བ་བོད་པའི་ཕྲུ་གུ་ཡིན་པ་དང་། དེ་ཡང་སྨན་ཁང་གཅིག་རང་ནས་རྟགས་དཔྱད་ཐུབ་པའི་ནད་པ་རེད།
གང་འདྲ་ཡིན་རུང་རྒྱང་ཐག་ཆོད་ནས་གནམ་གྱི་མཐའ་རུ་ཡོད་པའི་བོད་ཀྱི་ས་ཆ་འདི་བཞིན་ད་ཆ་ནི་རང་ཉིད་ཀྱི་སྲུང་སྐྱོབ་བྱེད་ཐུབ་པའི་དྭངས་གཙང་གི་ས་ཆ་ཞིག་མིན་པ་རེད། སྤྱི་ལོ་༢༠༠༣ལོར་འཇིགས་སྣང་ཆེ་བའི་Sars རིམས་ནད་འདི་རྒྱ་ནག་རྒྱལ་ཡོངས་ནང་ཁྱབ་རྡལ་ཕྱིན་ཏེ་གནོད་འཚེ་ཆེན་པོ་བཟོས་ཡོད། ཡིན་ནའི་བོད་ཁུལ་དུ་ནད་གཞི་གཅིག་ཀྱང་ཐོན་མེད་པས་བོད་མི་ཚོས་དགའ་ཚོར་དང་སྦྲགས་ད་དུང་བྱམས་སྙིང་རྗེའི་སེམས་པ་ཞིག་གི་ཐོག་ནས་རྒྱ་ནག་ནང་བོད་ཀྱི་སྤོས་དང་བོད་སྨན་མང་པོ་བསྐུར་བ་དང་། Sarsརིམས་ནད་འདིར་སྔོན་འགོག་གི་ནུས་པ་ཆེན་པོ་ཡོད་པ་བརྗོད་ཀྱི་ཡོད། ཡིན་ནའི་ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་ལ་རིམས་ནད་ཞིག་ཁྱབ་རྡལ་ཕྱིན་ཡོད་ན་བོད་ནང་ལ་རིམས་ནད་དེ་རིགས་ལམ་སེང་ཁྱབ་རྡལ་ཡོང་གི་ཡོད་པ་དཔེར་ན། བྱ་ནད་དང་འཇམས་ནད་སོགས་ཡིན་པ་རེད། ད་ཆ་ཕྲུ་གུའི་ལུས་པོར་རྡོ་ཆགས་པའི་ནད་གཞི་འདི་ཡང་བོད་པའི་ཁྱིམ་ཚང་དུ་སླེབས་ཡོད་པ་འདིས་གང་མངོན་གྱི་ཡོད་པ་རེད་དམ་ཞུས་ན། རྒྱ་ནག་ནང་འཛམ་གླིང་ཧྲིལ་པོར་འགྱུར་འགྲོ་བ་དང་བོད་ཁུལ་ལ་རྒྱ་ནག་ཅན་དུ་འགྱུར་འགྲོ་བའི་ད་ལྟའི་རྣམ་པ་འདི་མངོན་གྱི་ཡོད་པ་རེད། དེའི་ནང་དཔེར་ན་མདོ་དབུས་རི་ལིའི་ལྕགས་ལམ་ཤར་སྐྱོད་ཐུབ་པ་འདིས་ཕྱི་ཚུལ་ནས་དེང་རབས་ཅན་དུ་འགྱུར་བ་དང་དོན་ངོ་མ་མི་སེར་སྤེལ་ཡུལ་དུ་འགྱུར་པའི་རྣམ་པ་འདི་མགྱོགས་རུ་ཕྱིན་ཡོད། ཁྲོམ་རྭའི་དཔལ་འབྱོར་གྱི་སྐུལ་འདེད་འོག་སྤུས་ཚད་ཞན་པའི་དངོས་ཟོག་རྫུན་མའི་ནང་དུག་རྫས་ཡོད་པའི་བཟའ་རིགས་སྣ་ཚོགས་རྫོགས་རྒྱུ་མེད་པར་བོད་ནང་སླེབས་ཀྱི་ཡོད་པ་དང་། དེ་སྔོན་ལམ་འགྲོ་རྒྱུགས་པའི་བོད་ཁུལ་དུ་ Sars རིམས་ནད་ལས་ཐར་ཐུབ་པའི་ནུས་པ་འདི་ད་ཆ་རྩ་བ་ནས་མེད་པ་རེད་ལ། ཐ་ན་Sars རིམས་ནད་ཀྱི་རླུང་འཚུབ་འདི་བསྐྱར་དུ་སླེབས་པ་ཡིན་ན་བོད་མི་ཚོ་ཡང་རང་མགོ་ཐོན་དཀའ་བ་ཞིག་ཆགས་རྒྱུ་རང་རེད། བྱ་ཚང་མགོ་རྟིང་བསློགས་གྱུར་ན། བྱ་སྒོང་མི་ཆག་ག་ལ་སྲིད་ཟེར་བའི་དཔེ་ལྟར་ཡིན་པ་རེད། དུས་ཡུན་ལོ་ལྔའི་ནང་བོད་དང་རྒྱ་ནང་དབར་དེ་བས་རྒྱལ་ཕམ་ཐག་གཅོད་དཀའ་བ་ཞིག་ཏུ་འགྱུར་ནས་བོད་ཁུལ་གྱི་མང་ཚོགས་དང་རྒྱ་ནག་གི་མང་ཚོགས་ཚོ་ལས་དབང་གི་བདེ་སྡུག་འདི་བཞིན་ཧ་ལམ་མཉམ་དུ་མྱོང་དགོས་ཀྱི་ཡོད་པ་དང༌། ལྷག་པར་དུ་འདི་ནི་སྐྱིད་པོར་ཉིས་བརྩེགས་མེད་པར་སྡུག་པོར་སུམ་བརྩེགས་ཡོད་ཟེར་བའི་ཐོག་མངོན་གྱི་ཡོད།
འདི་ནི་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་རེད། དེ་ཡང་ད་ཆ་བོད་ཁུལ་གྱི་རང་གྲུབ་སྲུང་ཡོལ་རེ་རེ་བཞིན་ཤོར་ནས་རྩ་སྟོང་ལ་འགྱུར་འགྲོ་བའི་སྐབས་དེར་བོད་མི་ཚོས་རང་སྲུང་གི་ཡོལ་བ་གསར་པ་ཞིག་བཙུགས་ཐུབ་པ་ཡིན་ན་གཞི་ནས་འཚོ་གནས་ཐུབ་རྒྱུ་རེད། ཡང་ཡོལ་བ་གསར་པ་འདི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཐོབ་ཐང་ཐོག་གཙོ་བོར་བཞག་དགོས་ཀྱི་ཡོད། ཡང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འདི་བོད་མི་རིགས་ཀྱི་གནའ་རབས་སྲོལ་རྒྱུན་རིག་གཞུང་ཐོག་ནས་ལེན་ཐུབ་པ་དང་ཐོབ་ཐང་ནི་མི་མི་རེ་ངོ་རེའི་རང་རང་གི་ཚེ་སྲོག་ཀྱི་ལ་རྒྱ་དང་འབྲེལ་བ་ཡོད་པ་རེད། ང་ཚོར་ཡོད་པ་ནི་རྨ་ཁས་ཁེངས་པ་ཞིག་ཡིན་ན་ཡང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རིན་ཐང་འདི་ད་དུང་ཡང་ང་ཚོར་ཡོད་པ་རེད། ཡིན་ནའི་ང་ཚོར་རང་རྟོགས་དང་ཤེས་ཚོར་འདི་གདེང་ངེས་ཞིག་མེད་པས་ཐ་ན་སྒེར་སོ་སོའོ་ཐོབ་ཐང་ལ་རྟག་ཏུ་བརྩི་མེད་འགྲོ་ཡི་ཡོད་པ་ཡིན་ནའི་འདི་གང་འདྲ་བྱས་ནས་འགན་འཁྲི་རྩད་གཅོད་བྱེད་ཡག་གི་བསམ་པ་རྩ་བ་ནས་མེད་པ་རེད། གང་འདྲ་བྱས་ནས་རང་ཉིད་ཀྱི་སྤྱི་འབངས་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཤེས་མཁན་གྱི་རྒྱ་ནག་གི་མི་དང་བསྡུར་ན་ང་ཚོའི་ངོས་ནས་སྔོན་ལ་སྐྱོད་མཁན་ཚོ་གང་མགྱོགས་རྗེས་ཟིན་ཐུབ་པ་ངེས་པར་དུ་བྱེད་དགོས་ཀྱི་འདུག་ལ། ངེས་པར་དུ་བདེན་པ་མཐའ་སྐྱེལ་དང་ཨུ་ཚུགས་མཐའ་སྐྱེལ་བྱེད་དགོས་ཀྱི་འདུག དཔེ་མཚོན་ཞིག་ཞུས་ན། ཡང་པེ་ཅིང་གི་ཁྲོམ་སྐྱག་ཐོག་ནས་སྟོང་པ་བཟོས་ཟིན་པའི་འོ་མས་བཟོས་པའི་བཟའ་རིགས་ད་དུང་ལྷ་སའི་ཁྲོམ་རྭ་དང་སྡེབ་འཚོང་ཁང་ནང་ཡོད་དགོས་དོན་ཡང་ཡིན་ནམ། འདི་ནི་སྲིད་གཞུང་གི་འབྲེལ་ཡོད་ཚན་པ་དང་འབྲེལ་བ་ཡོད་པས་སྤྱི་འབངས་ཀྱི་ཚེ་སྲོག་བདེ་འཇག་ལ་འདི་ལྟ་བུའི་བརྩི་མཐོང་མེད་པ་རེད་ལ། ཡང་ང་ཚོ་མི་མི་རེ་ངོ་རེ་དང་འབྲེལ་བ་ཡོད་པ་རེད། གལ་ཏེ་མ་མཐའི་ཐོབ་ཐང་སྲུང་སྐྱོབ་དང་སྟབས་བསྟུན་གྱི་ནུས་པ་འདི་མེད་པ་ཡིན་ན་དབང་ཆ་ཡོད་མཁན་ཞིག་གི་རང་སྣང་གང་དྲན་གྱི་དབང་སྡེམ་སྒྲིག་གཞིའི་འོག་མ་འོངས་པར་དེ་བས་ཉེན་ཁ་ཆེ་བ་ཡོང་དུས་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་མེད་པའི་འཇིགས་སྣང་ཁྲོད་ང་ཚོས་འཁུམ་ནས་འདར་བསྡད་རྒྱུ་དང་རང་གིས་བཏབ་པའི་འབྲས་ངན་འདི་རང་གིས་ཟ་རྒྱུ་ལས་མེད་པ་རེད།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།
(ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལེ་ཚན་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་རྩོམ་བྲིས་གནང་བ་འདི་སྒྲོལ་དཀར་ནས་སྒྱུར། )

དེ་རིང་གི་ཉིན་མོ།

༡༩༣༥ལོའི་ཟླ་༡༠ཚེས་༢༢ཉིན་རྒྱ་ནག་གི་མའོ་ཙེ་ཏུང་གིས་སྣེ་ཁྲིད་པའི་དམར་དམག་དང་ཧྲན་བའེ་ཕྱོགས་ཀྱི་དམར་དམག་མཉམ་འཛོམས་བྱུྱང་བ་དེས་ལོ་རྒྱུས་ཐོག་གི་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་དམར་དམག་རྒྱང་བསྐྱོད་ཟེར་བ་འདི་མཇུལ་བསྒྲིལ་བ་རེད།(འཇམ་དཔལ་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང༌།)

ཁྲིམས་ལུགས་སློབ་གསོ་ཟེར་བ་འདིའི་རྒྱབ་ཕྱོགས་ལ་གཏོར་བཤིག་བཏང་ཡག་འདི་ནང་ཆོས་ཀྱི་ལམ་སྲོལ་ཡིན་པ་རེད།

t1017-td.mp3གསན་ན།
འོད་ཟེར་གྱི་གླེང་སྟེགས།
ཟླ་བ་གསུམ་པ་ནས་བཟུང་རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་ཀྱི་ས་གནས་ཁག་ནང་ཡོད་པའི་དགོན་སྡེ་ཁག་ནང་ལོ་མང་རིང་སྤེལ་བཞིན་ཡོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་འདིའི་མིང་ལ་སྒྱུར་ལ་བཏང་ནས་ཁྲིམས་ལུགས་སློབ་གསོ་ཟེར་བ་ཞིག་སྤེལ་འགོ་ཚུགས་ཡོད། བོད་ཀྱི་ས་གནས་ཁག་ནང་རྩོམ་སྒྲིག་དང་ཕབ་སྒྱུར་བྱས་པའི་བོད་ཡིག་སློབ་དེབ་༥༦ཡོད་པ་འདི་རྣམས་དགོན་པ་ཁག་ནང་བཀྲམ་ཡོད། ནང་དོན་ནི་རྒྱ་ནག་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་གསུམ་གཅིག་བཞིའི་དོན་རྐྱེན་འདིར་ས་གནས་ནི་བལྟ་ཚུལ་ཇི་ཡོད་སོགས་ཡིན་པ་རེད། ཉེན་རྟོག་པ་དང་ཚན་པ་སོ་སོ་ནས་འདེམས་སྒྲུག་བྱས་པའི་ལས་བྱེད་པ་ལས་གྲུབ་པའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཚོགས་ཆུང་འདི་དགོན་པའི་ནང་བཅར་སྡོད་བྱས་ཡོད། ཁྲིམས་ལུགས་སློབ་གསོའི་མིང་གི་ཐོག་ནས་གྲ་བཙུན་མང་པོ་དམག་མི་དང་ཉེན་རྟོག་པའི་མཚོན་ཆའི་འོག་ནས་དགོན་པ་ནས་ཕྱིར་ཕུད་བྱས་པ་དང་དགོན་པར་ལྷག་པའི་གྲ་བཙུན་ཚོ་ངེས་པར་དུ་བཅོས་སྒྲིག་ནན་པོ་འདིའི་ནང་བཞུགས་དགོས་ཀྱི་ཡོད་པ་རེད།
དཔེར་ན་ཟླ་བཞི་པའི་ཚེས་བཅུའི་ཉིན་ནས་བཟུང་ལྷ་སའི་སེར་འབྲས་དགའ་གསུམ་གྱི་དགོན་པའི་ནང་མཚན་མོ་གློ་བུར་དུ་དམག་མི་དང་ཉེན་རྟོག་པས་འཇབ་རྒོལ་བྱས་ཏེ་དགེ་འདུན་པ་སྟོང་ཕྲག་བརྒལ་བ་རང་རང་སོ་སོའི་གྲ་ཤག་ནས་འཛིན་བཟུང་བྱས་ཡོད། ཁོང་རྣམ་པ་ཧ་ལམ་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན། ཡུན་ནན་བཅས་ནས་ཕེབས་པའི་ཕྱག་དཔེ་གཟིགས་མཁན་གྱི་དགེ་འདུན་པ་ཤ་སྟག་ཡིན་པ་རེད། ཟླ་བ་བཞི་པའི་ཚེས་༢༥ཉིན་ཁོང་ཚོ་གསང་བའི་ཐོག་ནས་ན་སྒོར་མོར་ཡོད་པའི་དམག་སྒར་གྱི་བཙོན་ཁང་གཅིག་ནང་གནས་སྤོས་བྱས་ཏེ་པེ་ཅིང་གི་ཨོའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བྱུང་བའི་རྗེས་གཞི་ནས་རང་རང་སོ་སོའི་སྐྱེས་ཡུལ་དུ་བལྟ་སྲུང་དམ་པོའི་འོག་ཁྲིད་ཡོད་པ་དང་དུས་འདི་ནས་བཟུང་གདན་ས་ཆེན་པོ་གསུམ་ལ་སྐྱོད་ཆོག་གི་མེད་པ་རེད་འདུག མཚན་མོ་གཅིག་ལ་དགེ་འདུན་པ་སྟོང་ཕྲག་བརྒལ་བ་རྣམ་པའི་སྒོམ་པ་ཉམས་ལེན་བྱེད་ཡུལ་དང་འཚོ་བ་བསྐྱལ་ཡུལ་མེད་པར་འགྱུར་ཡོད། འཇིགས་རྟེན་པའི་ལྟ་ཕྱོགས་ཐོག་ནས་ཞུས་ན། འདི་ནི་ཁོང་རྣམ་པའི་ཁྱིམ་གཞིས་ཡིན་པ་རེད།
དེའི་རྗེས་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ལྷན་ཁང་གི་གུང་ཁྲན་ཚོགས་པའི་དྲུང་ཆེས་གསར་འགྱུར་བརྒྱུད་ལམ་གཅིག་ལ་སེར་ར་དགོན་པའི་གནས་སྟངས་ངོ་སྤྲོད་བྱས་ཡོད་པ་སྟེ། དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྔ་རྒྱུན་ལྟར་དུས་ཐོག་ལ་སྤེལ་གྱི་ཡོད་པ་དང་མཆོད་འབུལ་ཆོས་མཇལ་གྱི་བྱེད་སྒོ་རྒྱུན་ལྡན་ལྟར་བསྐྱར་གསོ་ཐུབ་ཡོད། དེ་བཞིན་དགེ་འདུན་པ་ལྔ་བརྒྱ་ལྷག་ཙམ་གྱི་སློབ་གཉེར་དང་འཚོ་བ་སོགས་སྔ་རྒྱུན་གཞི་བཟུང་སླར་གསོ་ཐུབ་ཡོད་པ་རེད་ཅེས་བརྗོད་ཡོད། དོན་དངོས་ཐོག་སེར་ར་དགོན་པའི་དགེ་འདུན་པ་ལྔ་བརྒྱ་མ་ཡིན་པར་དགེ་འདུན་པ་གཅིག་སྟོང་ལྷག་ཙམ་ཡོད་པ་རེད། དེའི་ནང་ཕྱེད་ཀ་ཙམ་ནི་ཨ་མདོ་དང་ཁམས་ནས་ཕེབས་པའི་ཕྱག་དཔེ་གཟིགས་མཁན་གྱི་དགེ་འདུན་པ་ཆགས་ཀྱི་ཡོད། འདི་ནི་༡༤༡༩ལོར་སེར་ར་དགོན་པ་ཕྱག་བཏབ་པ་ནས་བཟུང་ལོ་ངོ་ལྔ་བརྒྱ་ཙམ་རིང་ཆགས་པའི་སྲོལ་རྒྱུན་ཞིག་དང་ནང་ཆོས་དར་ནས་ལོ་ངོ་ཉེས་སྟོང་ལྷག་ཙམ་ཕྱིན་པའི་ནང་གི་ལམ་སྲོལ་ཞིག་ཡིན་ལ། དེའི་ནང་རྒྱ་མི་རིགས་ཀྱི་ནང་ཆོས་དགོན་སྡེ་ཁག་ཚུད་པའི་གྲ་བཙུན་ཡོད་ཚད་ཀྱི་འདུ་ཚོགས་ཞིག་སྟེ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་རབ་བྱུང་བ་ཚོའི་ཚོགས་སྡེ་ཞིག་ཡིན་པ་རེད། ཡིན་ནའི་དགོན་པར་དོ་དམ་བྱེད་མཁན་གྱི་གུང་ཁྲན་ཚོགས་པའི་དཔོན་རིགས་ནས་སེར་ར་དགོན་པར་དགེ་འདུན་པ་ལྔ་བརྒྱ་ལྷག་ཙམ་ལས་མེད་པ་བརྗོད་ཡོད། དེའི་ནང་ཨ་མདོ་དང་ཁམས་སོགས་ནས་ཕེབས་པའི་ཕྱག་དཔེ་གཟིགས་མཁན་གྱི་དགེ་འདུན་པ་ཚོ་བཅུག་མེད་པ་གསལ་པོ་རེད། ཡང་ཕྱག་དཔེ་གཟིགས་མཁན་གྱི་དགེ་འདུན་པ་ཚོ་མཚོན་ཆའི་ཁྲོད་ནས་ཕྱིར་ཕུད་བཏང་བའི་དངོས་ཡོད་གནས་ཚུལ་དེ་རིགས་བོད་ཀྱི་ནང་ཆོས་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་ཧ་ཅང་མཐོང་དཀའ་བ་ཞིག་དང་ཉེ་དུས་ནང་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པའི་རྗེས་གཞི་ནས་བསྟུད་མར་ཐོན་པ་ཞིག་དང་ལྷག་པར་དུ་རིག་གནས་གསར་བརྗེའི་སྐབས་ཚབས་ལྗིད་ཤོས་ཆགས་ཡོད།
གཞུང་འབྲེལ་གྱི་རྒྱ་ནག་གི་བོད་རིག་པའི་དྲ་གནས་ཐོག་ནས་རྩོམ་ཡིག་གཅིག་མཐོང་བྱུང་བ་འདིའི་འགོ་བརྗོད་དུ་བོད་རྒྱུད་ནང་བསྟན་གྱི་དགེ་བཤེས་མཚན་རྟགས་ཕུལ་བའི་སྒྲིག་སྲོལ་ཟེར་བའི་རྩོམ་འདིའི་ནང་འཁོད་པར། བོད་རྒྱུད་ནང་བསྟན་གྱི་དགོན་སྡེའི་སློབ་གསོ་འདི་སྤེལ་ནས་ད་བར་ལོ་ངོ་གཅིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་ཕྱག་དཔེ་གཟིགས་ནས་སྒོམ་པ་ཉམས་ལེན་གནང་བ་དང་མཚན་རྟགས་བཞེས་པའི་ལམ་སྲོལ་འདི་གལ་ཆེའི་གྲུབ་ཆ་ཞིག་ཆགས་ཀྱི་ཡོད། དགེ་ལུགས་ཀྱི་དགོན་སྡེ་ཁག་ནང་གི་དགེ་འདུན་པ་ཚོའི་བྱུང་ཁོངས་ནི་ཧ་ཅང་གི་རྒྱ་ཆེན་པོ་ཡིན་ཞིང་དེའི་ནང་མི་རིགས་ཀྱི་དབྱེ་བ་མེད་པའི་ཐོག་ཐ་ན་རྒྱལ་ཁོངས་ཀྱི་དབྱེ་བ་ཡང་མེད་པ་རེད། གང་ལྟར་དགོན་པར་འཛུལ་ནས་རབ་ཏུ་བྱུང་པ་གནང་བ་ཡིན་ན་སྒྲིག་གཞི་ལམ་སྲོལ་ཁག་ཚང་བའི་རྗེས་རང་ཉིད་ཀྱི་ཕ་ཡུལ་ལ་གཞིགས་ནས་ཁང་ཚན་སོ་སོར་བཅུག་གི་ཡོད་པ་རེད་ཅེས་འཁོད་བཞག འདིའི་ཁྲོད་ནས་གསལ་ཤེས་ཐུབ་རྒྱུར་དགོན་སྡེ་ཁག་ནང་གི་དགེ་འདུན་པའི་གྲུབ་ཆ་འདི་ས་གནས་ཁྱབ་ཁོངས་གཅིག་རང་གི་ནང་ནས་ཡིན་དགོས་ཀྱི་མེད་པ་གཞུང་ཕྱོགས་ནས་མ་ཤེས་པ་རྩ་བ་ནས་མ་རེད། ཡང་དེ་སྔའི་བོད་རྙིང་པའི་སྐབས་ལྷ་སའི་གདན་ས་གསུམ་ནང་སློབ་གཉེར་དང་སྒོམ་པ་ཉམས་ལེན་གནང་མཁན་གྱི་དགེ་འདུན་པ་གཙོ་བོ་བོད་པ་ཡིན་པ་ཕུད་ད་དུང་སོག་པོ་དང་ཉི་ཧོང་བ། རྒྱ་གར་བ། རྒྱ་ནག་ནས་ཡོང་མཁན་སོགས་དགོན་པའི་ནང་བཅུག་གི་ཡོད། ཡིན་ནའི་གཞུང་ཕྱོགས་ནས་ནུས་པ་ཡོད་རྒུ་རྩ་སྤྲུགས་བཏོན་ནས་བོད་རྙིང་པ་འདིར་སྐྱོན་བརྗོད་བྱེད་ཀྱི་ཡོད་རུང༌། ཁོ་པས་འགོ་ཁྲིད་བྱས་པའི་བོད་གསར་པ་འདིས་ནང་ཆོས་ཀྱི་ལམ་སྲོལ་འདི་རྣམས་ཁ་ཐོར་དགུ་ཐོར་བཟོ་ས་རེད།
དེ་སྔ་འབྲས་སྤུངས་དགོན་པ་དང་སེར་ར་དགོན་པར་ཕྱག་དཔེ་གཟིགས་ནས་བཞུགས་མྱོང་ཡོད་མཁན་གྱི་དགེ་འདུན་པ་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ན་དོན་དངོས་ཐོག་བོད་རང་སྐྱོང་ལྗོངས་ཕུད་པའི་ཕྱི་ཕྱོགས་ནས་ཕྱག་དཔེ་གཟིགས་པར་ཕེབས་མཁན་གྱི་དགེ་འདུན་པ་ཚོ་ཕྱིར་ཕུད་བྱེད་ཡག་གི་འཆར་གཞི་འདི་བཟོས་ནས་དུས་ཡུན་རིང་པོ་ཕྱིན་ཡོད་རུང་དགོན་པ་ནས་ཁས་ལེན་མ་བྱས་མེད་པར་རྟེན་ལག་བསྟར་བྱེད་ཐུབ་མེད། ཡང་དགོན་པ་ནས་འདིར་དྭངས་ལེན་བྱས་མེད་པ་དང་འདི་ཡང་དགོན་པ་རང་ངོས་ཀྱི་གནས་སྟངས་ལ་གཞིགས་པ་གཅིག་ཡིན་པ་རེད། གཞུང་ཕྱོགས་ནས་དགོན་པའི་ནང་དགེ་འདུན་པའི་གྲངས་ཚད་བཟོས་ཏེ་བཅུག་པའི་དགེ་འདུན་པ་ཚང་མ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནས་ཕེབས་པའི་ཕྱག་དཔེ་གཟིགས་མཁན་གྱི་དགེ་འདུན་པ་ཡོད་པ་མ་རེད། ཡང་དེ་ལས་ལྡོག་སྟེ་དགོན་པའི་སྐུ་དགྱེས་ཀྱི་ཐོབ་ཐང་ཡོད་པ་ཚོ་སློབ་སྦྱོང་དང་སྒོམ་པ་ཉམས་ལེན་ཐོག་དགོན་པའི་ནང་སྐུ་དགྱེས་ཀྱི་ཐོབ་ཆ་མེད་པ་དང་དགའ་ཉེ་སྤུན་མཆེད་མེད་པར་ཉེ་འཁོར་གྱི་རོགས་སྐྱོར་ལ་རྟེན་ནས་ཕྱག་དཔེ་གཟིགས་མཁན་གྱི་ཕྱི་ནས་ཕེབས་པའི་དགེ་འདུན་པ་ཚོ་དེ་བས་བརྩོན་འགྲུས་ཆེ་བ་དང་དེ་བས་གྲུབ་འབྲས་བཟང་བ་ཡོད་པ་རེད། གལ་ཏེ་ཁོང་རྣམ་པ་ཕྱིར་ཕུད་བཏང་བ་ཡིན་ན་གདན་ས་ཆེན་པོ་གསུམ་ནང་ལྷག་པ་ནི་མིང་ཙམ་ཡིན་པ་རེད། ཡིན་ནའི་གཞུང་ཕྱོགས་ནས་ལམ་སྲོལ་དེ་རིགས་ལ་བརྩི་མཐོང་བྱེད་པའི་བསམ་བློ་མེད་པར་ལོ་གསར་པ་ཤར་བ་དང་ཕྱག་དཔེ་གཟིགས་མཁན་གྱི་དགེ་འདུན་པ་ཚོ་ཕྱིར་ཕུད་བྱེད་པའི་དབྱུག་པ་འདི་མཐར་དགེ་འདུན་པ་ཚོའི་དབུའི་སྟེང་དུ་སླེབས་ཡོད་པ་རེད། ཟླ་བ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་ལྷ་སར་གདན་ས་གསུམ་ནས་བསྟུད་མར་དགེ་འདུན་སྟོང་ཕྲག་བརྒལ་བས་ཞུ་འབོད་ཀྱི་རྔམ་སྟོན་ཁྲོམ་སྐོར་གནང་ཡོད། དོན་དངོས་ཐོག་གནད་དོན་འདི་དང་འབྲེལ་བ་ཆགས་ཀྱི་ཡོད། དགོད་དྲོ་བ་ཞིག་ལ་གཞུང་ཕྱོགས་ནས་ཁྲིམས་ལུགས་སློབ་གསོ་ཟེར་བ་འདི་ཁ་ལ་གཡར་ནས་ནོར་འཕྲུལ་འདིར་འགེབས་སྲུང་བྱེད་ཀྱི་ཡོད་པ་རེད། ཁ་སྣོན་བྱེད་དགོས་པ་ཞིག་ལ་རྒྱ་ནག་ནང་གི་རྒྱ་མི་རིགས་ཀྱི་དགོན་སྡེ་ཁག་ནང་མུ་མཐུད་ཕྱི་ཕྱོགས་ནས་ཡོང་བའི་དགེ་འདུན་པ་ཚོ་ཕྱག་དཔེ་སློབ་གཉེར་བྱེད་ཆོག་གི་ཡོད་པ་དང་རྒྱ་ནག་གི་ནང་བསྟན་ནང་ཡོད་པའི་དགོན་པར་ཞག་པོ་བཞུགས་ནས་ཕྱག་དཔེ་གཟིགས་པ་དང་དགོན་པའི་ནང་དངོས་བཞུགས་གནང་ནས་ཕྱག་དཔེ་གཟིགས་པ་སོགས་ཀྱི་ལམ་སྲོལ་འདི་མུ་མཐུད་གནས་མུས་ཡིན་པ་རེད། འདི་ལྟ་བུའི་དབྱེ་པ་ཕྱེ་ནས་བྱེད་སྟངས་དེ་འདྲ་ཞིག་འཛིན་པ་འདིས་ཁྲིམས་ལུགས་སློབ་གསོ་ཟེར་བ་འདིའི་རྒྱབ་ཕྱོགས་སུ་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་འདི་རང་ལ་དམིགས་ནས་སྤེལ་བའི་གོ་རིམ་ཡོད་པ་དང་ཁྱོན་ཡོངས་ནས་བསྐོར་བཅོམ་གྱི་ལས་འགུལ་ཞིག་མ་ཡིན་ནམ།
གསན་མཁན་རྣམ་པ་ཚོ་དེ་རིང་གི་ལེ་ཚན་འདི་སྙན་སྒྲོན་ཞུ་མཚམས་འདིར་བཞག་གི་ཡིན། གོང་ཞུས་ཀྱི་ལེ་ཚན་འདི་རྩོམ་པ་རང་ཉིད་ཀྱི་གཟིགས་ཚུལ་ཡིན་པ་ལས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལྟ་བ་ཡིན་པས་ཁྱབ་ཀྱི་མེད་ལ་ང་ཚོའི་གསམ་མཁན་རྣམ་པ་ཚོས་ལེ་ཚན་འདི་གསན་པར་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་ལེ་ཚན་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་སྒྲོལ་དཀར་ཡིན།
(ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལེ་ཚན་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་རྩོམ་བྲིས་གནང་བ་འདི་སྒྲོལ་དཀར་ནས་སྒྱུར། )

དེ་རིང་གི་ཉིན་མོ།

༡༩༤༥ལོའི་ཟླ་༡༠ཚེས་༢༤ཉིན་མཉམ་སྦྲེལ་གྱི་རྩ་ཁྲིམས་ལས་རྒྱལ་ཁབ་༢༦ལ་ཆོག་མཆན་བཀོད་པར་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལ་ནུས་པ་ཐོན་པ་དང་མཉམ་སྦྲེལ་རྒྱལ་ཚོགས་དངུས་སུ་བརྙེས།(འཇམ་དཔལ་ཕུན་ཚོགས་ལགས་ཀྱིས་ཕྱོགས་སྒྲིག་གནང༌།)

ལོ་གཅིག་སྔོན་གྱི་ཟླ་༣ཚེས་༡༤ཉིན།

གསན་ན།

ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ལོ་ངོ་གཅིག་འགྲོ་ཡི་ཡོད་པས་བོད་ནང་ཐོན་པའི་ལས་འགུལ་རྣམས་ལ་བསྐྱར་ཞིབ་ཞུས་པ་ཞིག་གསན་རོགས་ཞུ

བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ།

གསན་ན། 

ལོ་ངོ་ལྔ་བཅུའི་སྔོན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གུང་ཁྲན་གཞུང་གིས་བོད་མིའི་ཐོག་ཁྲག་དྲི་དྲོ་བའི་དྲག་གནོན་གྱི་འོག་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་ཇི་ལྟར་བྱུང་ཡོད་མིན་སྐོར་སྐབས་དེ་དུས་དངོས་སུ་ལས་འགུལ་ནང་ཞུགས་མྱོང་ཡོད་པའི་མི་སྣའི་ལྷན་དུ་གླེང་མོལ་ཞུས་པ་གསན་རོགས་ཞུ༎

འདི་ག་རེ་རེད་དམ། ཡུད་ཙམ་གྱི་སྐར་མ་བཅོ་ལྔ་འདི་དུས་ནམ་ཡང་བརྗེད་ཐབས་མེད་པ་

འདི་ག་རེ་རེད་དམ། ཡུད་ཙམ་གྱི་སྐར་མ་བཅོ་ལྔ་འདི་དུས་ནམ་ཡང་བརྗེད་ཐབས་མེད་པ་
ཞིག་ཆགས་ཡོད།
—————– ———— བོད་པའི་སྒྱུ་རྩལ་པ་བློ་བཟང་རྒྱ་མཚོའི་བརྩམས་བྱ་གསར་པ།
འོད་ཟེར་གྱིས་བྲིས། སྒྲོལ་དཀར་ནས་སྒྱུར།
gyatso-las-art
ཁོང་ཚོས་ཕལ་ཆེར་དུས་ཡུན་སྐར་མ་བཅོ་ལྔ་འདི་ཤེས་ཡོད་ཀྱི་རེད། འདི་རྒྱལ་ཁབ་མང་པོའི་བརྙན་འཕྲིན་ཐོག་ཐོན་མྱོང་ཡོད་པ་མ་ཟད། ད་དུང་གནམ་ས་ཡོངས་ལ་ཁྱབ་པའི་དྲ་རྒྱའི་སྟེང་ལ་ཡང་ཐོན་ཡོད་པ་རེད། གཞན་བརྗོད་མི་དགོས་པར་Youtube དྲ་རྒྱའི་སྟེང་Jokhang (གཙུག་ལག་ཁང་)ཡི་གེ་འདི་བྲིས་ནས་འཚལ་བ་ཡིན་ཚེ་མདུན་ངོས་ཀྱི་དྲ་ཤོག་བཅུ་པོའི་ནང་ཉུང་མཐར་ཡང་བརྙན་པར་བཅུ་ལྷག་ཙམ་ཡོད་པ་འདི་སྐད་ཅིག་ཙམ་གྱི་སྐར་མ་བཅོ་ལྔའི་དུས་ཡུན་ཐུང་ངུ་འདིའི་ནང་བརྙན་པར་ལེན་པ་གཅིག་ཡིན་པ་རེད། ཁོང་ཚོས་ཤེས་དགོས་ངེས་ཞིག་རེད་ལ། ཁོང་ཚོར་སྔ་ས་ནས་བརྡ་ཐོ་སླེབས་ཡོད་ཀྱི་རེད། དེ་ཡང་ཉིན་མོའི་འདིའི་སྔ་དྲོ་ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཉི་ཤུ་ལྷག་ཙམ་གྱི་གསར་འགོད་པ་ཟླ་བ་གསུམ་པའི་ཚེས་བཅུའི་རྗེས་ཉིན་གྲངས་བཅུ་བདུན་ཏག་ཏག་གཟིམ་སྒོ་རྒྱབ་པའི་ལྷ་ལྡན་གཙུག་ལག་ཁང་ལ་སླེབས་པ་ཐོག་མ་འདི་ཆགས་ཀྱི་ཡོད། ཕྱོགས་སོ་སོའི་ངོས་ནས་གྲ་སྒྲིག་ཨང་གསར་བྱས་ཡོད་པ་སྟེ། གཞུང་ཕྱོགས་ཀྱི་ངོས་ནས་བཀའ་གསུང་ཅི་སྒྲུབ་ཞུ་མཁན་གྱི་བོད་མི་ཁག་གཅིག་ཆེད་མངགས་འཁྲབ་སྟོན་བྱེད་པར་མངགས་གཏོང་བྱས་ཡོད་པ་དང་། དེའི་ནང་ཆོས་མཇལ་ཞུ་མཁན་ཚོ་ཚང་མ་ལས་བྱེད་པས་རྫུན་མ་འཁྲབ་པ་ཞིག་དང་ཚང་མ་མགོ་སྐོར་བཏང་བ་ཞིག་ཡིན་པ་སོགས་འཁྲབ་སྟོན་བྱས་ཡོད། ཡང་འདི་ནི་ཁོང་ཚོས་སྐར་མ་བཅོ་ལྔའི་སྐད་ཅིག་ཙམ་གྱི་དུས་ཡུན་ཐུང་ངུ་འདིའི་ནང་བཤད་པའི་བདེན་པའི་གནས་ཚུལ་འདི་ཡིན་པ་རེད། དེ་ཡང་ཁོང་ཚོས་སྔ་ས་ནས་གྲ་སྒྲིག་བྱས་ཏེ་བརྗོད་པ་ཞིག་ཡིན་པ་མངོན་གསལ་དོད་པོ་ཡིན་རུང་འདི་འདྲ་བྱས་པ་ཡིན་ན་ཚོད་དཔག་དཀའ་བའི་རིན་ཐང་གང་འདྲ་ཞིག་བཏོན་དགོས་ཀྱི་ཡོད་མིན་ཁོང་ཚོའི་ངོས་ནས་བསམ་བློ་མ་འཁོར་བ་ཡིན་གྱི་མ་རེད། ཡིན་ནའི་མཐའ་མ་འདིར་གཞུང་ཕྱོགས་ནས་དང་ཐོག་བོད་ལ་བདེ་སྐྱིད་དང་རང་དབང་འདི་ལྟ་བུ་ཡོད་པའི་དམིགས་བསལ་གྱི་ཁེར་རྐྱང་འཁྲབ་སྟོན་ཞིག་བཏོན་ཡག་གི་འཆར་གཞི་ཡོད་རུང་རྫུན་བཟོ་བྱས་པ་འདི་ལམ་སེང་གསལ་པོ་ཞིག་བཏོན་ཐུབ་པ་དང་ཤེས་ཐུབ་པ་བཟོས་ཡོད། གང་ཡིན་ཞུས་ན་ཁོང་ཚོས་འདིའི་ནང་མཉམ་ཞུགས་གནང་ཡོད་ལ། ཁོང་ཚོས་འདིའི་ཁྲོད་རྒྱུགས་སླེབས་ནས་གསར་འགོད་པ་མཐའ་སྐོར་ཏེ་སེམས་པ་ཧ་ཅང་སྐྱོ་པོའི་ངང་སྐད་འབོད་དང་སྦྲགས་བརྗོད་དོན་ལ། མ་རེད། ང་ཚོར་རང་དབང་མེད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཉེས་པ་གང་ཡང་མེད་སོགས་བརྗོད་ཡོད། འཁྲབ་སྟོན་འདིར་ལྟས་མོ་ལྟ་བར་སྐྱོད་མཁན་གྱི་གསར་འགོད་པ་ཚོའི་ངོས་ནས་ཞུས་ན་གསར་འགྱུར་གྱི་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་ཧང་སང་དགོས་པའི་ལིའུ་འདི་མཐར་གསར་འགོད་པ་ཚོས་མཐོང་ཡོད་པ་དང༌། གཞུང་ཕྱོགས་ཀྱིས་བཏང་འཛིན་འོག་ལྷ་སར་སྐྱོད་པའི་འཆར་གཞི་འདི་དུས་ཡུན་ཐུང་ངུའི་ནང་བཏང་འཛིན་པའི་རང་གཟུགས་ཚང་མ་དམར་རྗེན་དུ་ཐོན་ཐུབ་པ་བྱུང་ཡོད། བརྗོད་ཡག་ལ་ཧང་སང་དགོས་པའི་ལིའུ་འདི་ཕལ་ཆེར་དུས་ཡུན་སྐར་མ་བཅོ་ལྔ་ཙམ་ཞིག་རྒྱུན་མཐུད་བྱུང་ཡོད་པ་རེད་འདུག གུས་མོས་གསལ་པོ་དྲན་གྱི་འདུག ཉིན་འདིའི་དགོངས་མོ་ངས་དྲ་རྒྱའི་སྟེང་ནས་དེའི་སྐོར་ལ་སྐར་མ་ཁ་ཤས་གཅིག་མཐོང་བྱུང་བ་འདིའི་ཁྲོད་ནས་སྙིང་བཏོན་པ་ནང་བཞིན་ན་ཟུག་དྲག་པོ་རྒྱབ་པ་ལྟ་བུ་བྱུང༌། འདི་ནི་སྐད་ཆ་ཚིག་རེ་གཉིས་ཐོག་ནས་གསལ་པོ་བརྗོད་དཀའ་བ་ཞིག་འདུགimg_0108
ཡིན་ནའི་ཁོང་ཚོས་ཏན་ཏན་ཤེས་ཀྱི་མ་རེད། ཟླ་བ་ཁ་ཤས་ཕྱིན་པའི་རྗེས་སྐར་མ་བཅོ་ལྔ་འདི་སྒྱུ་རྩལ་པ་གཅིག་གིས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བསྐྱར་དུ་ཕྱིར་བཏོན་ཡོད་པ་རེད། སྒྱུ་རྩལ་ལ་རྒྱལ་ཁབ་ཀྱི་ས་མཚམས་མེད་པ་རེད་ལ། སྒྱུ་རྩལ་པར་བྱུང་ཁུངས་ཀྱི་དབྱེ་བ་ཡང་ཧ་ལམ་མེད་པ་རེད། དེ་ཡང་ཕོ་མོའི་དབྱེ་བ་མེད་པའི་ལྷ་དང་གཅིག་པ་རེད། ཡིན་ནའི་གུས་མོའི་ངོས་ནས་ཡ་ཡུག་གིས་སྒྱུ་རྩལ་པ་ཁོང་ལ་ཕྱོགས་ཙམ་གླེང་དོད་བྱུང༌། ཁོང་གི་མཚན་ལ་བློ་བཟང་རྒྱ་མཚོ་ལགས་ཞུ་ཡི་ཡོད་པ་དང་བོད་པའི་སྒྱུ་རྩལ་པ་གཅིག་རེད། གལ་ཆེ་ཤོས་ནི་Tibet (བོད་)རེད། ད་ལྟ་ཁོང་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ལ་བཞུགས་ཀྱི་ཡོད་པ་དང་ཁོང་བཙན་བྱོལ་ལ་ལོ་ངོ་༤༩(ལོ་ངོ་ལྔ་བཅུ་ལ་ཉེ་བ་འགྲོ་ཡི་ཡོད།)དུས་ཡུན་རིང་པོ་འགྲོ་ཡི་ཡོད་པ་ཡིན་ན་ཡང༌གངས་ལྗོངས་ཀྱི་ཕ་ཡུལ་བོད་ལ་དེ་ནས་བཟུང་ཕྱིར་ཕེབས་གནང་མྱོང་མེད། ཡིན་ནའི་ཁོང་ནི་Tibetan(བོད་པའི་)སྒྱུ་རྩལ་པ་གཅིག་རེད། ཡང་སྐར་མ་བཅོ་ལྔའི་རིང་Jokhang(ལྷ་ལྡན་གཙུག་ལག་ཁང་)ལ་ཐོན་པའི་གནས་ཚུལ་འདི་ཁོང་གིས་དམིགས་བསལ་གྱི་ཐབས་ལམ་ཞིག་གི་ཐོག་ནས་གཟུགས་བརྙན་མི་འདྲ་བ་དྲུག་གི་རྣམ་པའི་ཐོག་བཀོད་ཡོད་པ་མ་ཟད། ད་དུང་ཁོང་གིས་ Jokhang(ལྷ་ལྡན་གཙུག་ལག་ཁང་)གི་སྐར་མ་བཅོ་ལྔ་འདི་དང་གཅིག་མཚུངས་ཀྱི་གནས་ཚུལ་ཨ་མདོ་Lobrang(བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་)ཐོན་པའི་སྐར་མ་བཅོ་ལྔ་འདི་ཡང་གཟུགས་བརྙན་མི་འདྲ་བ་དྲུག་གི་རྣམ་པའི་ཐོག་བཀོད་ཡོད་པ་རེད། གཟུགས་བརྙན་བཅུ་གཉིས་འདི་རྣམས་དེ་ལྟ་བུའི་འདྲ་པོ་ཡོད་པ་དང་། གང་ཡིན་ཞུས་ན་མ་དབྱིམས་ཚང་མ་དགེ་འདུན་པ་ཡིན་པ་དང་དེ་ཡང་བོད་ཀྱི་ས་གནས་རང་གི་དགེ་འདུན་པ་རེད། གཟུགས་བརྙན་བཅུ་གཉིས་འདི་རྣམས་ཕྲན་བུའི་ཁྱད་པར་ཡོད་པ་དང་། འདི་ནི་གཅིག་ལས་གཅིག་ངར་ཤུགས་ཆེ་བའི་ངང་རྒྱུགས་ཡོང་བ་ལྟ་བུ་འདུག དེར་རྟེན་གུས་མོས་སྐད་སྒྲ་མེད་པའི་ངར་སྐད་སྒྲོག་པ་འདི་གོ་བ་ལྟ་བུ་འཚོར་བྱུང༌ལ། དེ་ཡང་དྲ་རྒྱ་བརྒྱུད་ནས་ཨམ་ཅོག་ནང་ཟུག་པ་ལྟ་བུའི་ཚོར་སྣང་སྐྱེས་བྱུང༌།
དེ་སྔ་གཙང་སེལ་ཆེན་པོ་བྱེད་པའི་ཨུ་རུ་སུ་དམར་པོའི་དུས་སྐབས་ལ་ Anna Akhmatova ནས་རུ་སྟར་སྒྲིག་སྟེ་བཙོན་ཁང་ནང་ཡོད་པའི་བུ་ལ་ཐུག་འཕྲད་དུ་སྐྱོད་སྐབས་རུ་སྟར་གཅིག་པ་སྒྲིག་ནས་བཙོན་ཁང་ནང་ཡོད་པའི་སྤུན་མཆེད་ལ་ཐུག་འཕྲད་དུ་སྐྱོད་མཁན་གྱི་བུ་མོ་གཅིག་གིས་ཁོང་ངོ་ཤེས་ཏེ་ཁོང་གི་ཨམ་ཅོག་འགྲམ་ལ་སྐད་ཤུགས་ཆུང་ངུའི་ངང་དྲིས་དོན་ལ་ཁྱེད་ཀྱིས་འདི་རྣམས་ཚང་མ་རྩོམ་བྲིས་བྱེད་ཐུབ་ཀྱི་རེད་དམ་ཞེས་སྐད་ཆ་དྲི་ཡོད་པ་རེད། Anna Akhmatova ཡིས་ཚིག་གཅིག་གི་ཐོག་ནས་ལན་འདེབས་བྱ་དོན་ལ་ཐུབ་ཀྱི་རེད་ཅེས་བརྗོད་ཡོད། འདིའི་ཁྲོད་ནས་བུ་མོ་འདིས་ཡིད་ཧ་ཅང་སྐྱོ་པོའི་ངང་རེ་བ་ཞིག་བཅངས་ཏེ་དགད་མོ་དགོད་ཡོད་པ་རེད། རྗེས་ལ་ Anna Akhmatova ཡིས་གཤིན་པོ་ཞི་བར་གནས་པའི་རོལ་དབྱངས་ཞུ་བའི་སྙན་ངག་ཁག་གཅིག་བྲིས་ཡོད་པ་དང་དེའི་གླེང་བརྗོད་ནང་འདི་ལྟར་བྲིས་ཡོད་པ་སྟེ།
མན། ངས་གཞན་ཡུལ་གྱི་ཤོག་ཁག་ཕྱོགས་སུ་བསྡད་མེད་ལ།
Õགཞན་གྱི་རམ་འདེབས་སྟོབས་ཤུགས་འོག་ལ་ཡང་ཡིབ་ནས་བསྡད་མེད།
ང་སྐབས་དེ་དུས་ངའི་མི་དམངས་དང་མཉམ་དུ་བསྡད་ཡོད་ལ།
ངའི་མི་དམངས་ལ་ཆག་སྒོ་བྱུང་ཡུལ་གྱི་ས་གནས་དེ་རང་ལ་བསྡད་ཡོད།
འཇིགས་སྣང་ཆེ་བའི་ཨུ་རུ་སུ་དམར་པོའི་ལོ་རབས་དང་རྒྱང་ཐག་རིང་པོ་མཛོད་པའི་ཀློག་པ་པོ་ཞིག་གི་ངོས་ནས་ཞུས་ན། གུས་མོས་བརྗོད་ཡག་ནི་སྐབས་དེ་དུས་ཀྱི་ས་གནས་དེ་རང་གི་དཀའ་སྡུག་ཡོད་ཚད་སྙན་ངག་འདི་རྣམས་ཀྱི་ཁྲོད་ནས་ཡུན་རིང་གནས་ཐུབ་པ་དང་མི་བརྗེད་པར་གནས་ཐུབ་པ་བྱུང་ཡོད། དེ་ཡང་ལུས་པོ་མི་ཡུལ་དུ་གནས་ཀྱང་སེམས་པ་ཕ་ཡུལ་གངས་ལྗོངས་ལ་ཆགས་པའི་མི་དང་མཚུངས་ཀྱི་ཡོད། གུས་མོས་བརྗོད་ཡག་ནི་སྐབས་དེ་དུས་ཀྱི་ས་གནས་དེ་རང་ལ་ཡོད་པའི་དཀའ་སྡུག་ཚང་མ་བློ་བཟང་རྒྱ་མཚོ་ལགས་ཀྱི་རི་མོའི་བརྩམས་བྱ་འདིའི་ཁྲོད་ནས་བསྐྱར་དུ་ཐོན་པའི་Tibetan(བོད་མི་)བཅུ་གཉིས་ཀྱི་གཟུགས་བརྙན་འདི་རྣམས་ཀྱིས་ཡུན་རིང་གནས་ཐུབ་པ་དང་མི་བརྗེད་པར་གནས་ཐུབ་པ་བྱུང་ཡོད།
* * *
བློ་བཟང་རྒྱ་མཚོ་ལགས་ཀྱི་དྲ་རྒྱའི་སྟེང་བརྗོད་པར། ཁོང་གིས་གཟུགས་བརྙན་འདི་རྣམས་དྲ་བ་ལྟ་བུའི་ཚགས་ཐིག་གི་ཐབས་ལམ་ཐོག་ནས་ཧ་ཡངས་ལེབ་ལེབ་སྟེང་པར་རྒྱབ་ཡོད་པ་དང་ཆེ་ཆུང་ནི་18×18inches རེད། ཧ་ཡངས་ལེབ་ལེབ་འདི་ལྕགས་རིགས་ཞིག་ཡིན་པ་དང་ལྗིད་ཙམ་དང་འོད་ཕྲན་བུ་ཡོད་ལ། ཡང་ཆག་བདེ་པོ་མེད་པ། ཡིན་ནའི་ཏོག་ཙམ་མཉེན་པོ་ཡོད་པས་བཟོ་ལྟར་འགྱུར་བ་འགྲོ་བདེ་པོ་ཡོད། འདི་ནི་གུས་མོས་Google སྟེང་ནས་འཚལ་པ་ཡིན། ད་དུང་གུས་མོས་ཁ་པར་བཏང་ནས་པེ་ཅིང་གི་རི་མོ་བྲིས་མཁན་གཅིག་ལ་སྐད་ཆ་དྲི་སྐབས་ཁོང་གིས་རྒྱུ་ཆ་དེ་རིགས་སྒྱུ་རྩལ་པ་འགའ་རེས་བེད་སྤྱོད་བྱེད་ཀྱི་རེད་གསུང་བྱུང༌ལ། ད་དུང་ཁོང་གིས་ན་ནི་ང་རི་མོའི་འགྲེམ་སྟོན་གཅིག་ལ་གདན་ཞུས་ཀྱིས་ལྟ་བར་ཕྱིན་པ་ཡིན། འདིར་རྒྱ་ནག་གི་རི་མོ་བྲིས་མཁན་གཅིག་གིས་༡༩༣༧ལོར་ཉི་ཧོང་གི་དམག་མི་རྒྱ་ནག་ནན་ཅིང་གི་དམར་བསོད་ཆེན་མོའི་ནང་ཡོད་པའི་ཚོན་ཁྲ་མ་ཡིན་པའི་འདྲ་པར་དྲ་བ་ལྟ་བུའི་ཚགས་ཐིག་གི་ཐབས་ཤེས་བེད་སྤྱད་དེ་འོད་ཆིམ་ཆིམ་གྱི་བཙའ་རྒྱབ་ཡག་མེད་པའི་ལྕགས་ཀྱི་སྟེང་བཀོད་ཡོད་པ་གསུང་བྱུང་། རྒྱུ་ཆ་འདི་གལ་ཆེ་ཤོས་ཡིན་གྱི་མ་རེད། img_0084 གཅིག་བྱས་ན་དེ་མིན་གྱི་རྒྱུ་ཆས་ཀྱང་སྒྱུ་རྩལ་པའི་ཐོག་མའི་འཆར་གཞི་འདི་མངོན་འགྱུར་ཡོང་སྲིད་དོག་ཁ་པོ་རེད། ཡིན་ནའི་ང་བསམ་པར་ཡང་བློ་བཟང་རྒྱ་མཚོ་ལགས་ཀྱིས་སྐར་མ་བཅོ་ལྔའི་རིང་གི་Tibetan(བོད་པའི་)གཟུགས་བརྙན་བཅུ་གཉིས་འདི་རྣམས་དྲ་བ་ལྟ་བུའི་ཚགས་ཐིག་གི་ཐབས་ཤེས་བེད་སྤྱད་པ་དང་ཧ་ཡངས་ལེབ་མ་བེད་སྤྱད་དེ་བསྐྱར་དུ་སྟོན་པ་འདིར་ཏན་ཏན་ཁོང་གི་སྙིང་དོན་གཟབ་མོ་ཞིག་ཡོད་ཀྱི་རེད་བསམ་གྱི་འདུག
ངས་དོན་མེད་ཀྱི་སེམས་འཁྲལ་བྱས་པ་ཡིན་མིན་ཤེས་ཀྱི་མེད་ལ། བློ་བཟང་རྒྱ་མཚོ་ལགས་ཀྱིས་གང་འདྲ་གནང་ནས་གསར་རྩོམ་གནང་ཡོད་པ་དང་ཐོག་གུས་མོས་ཤེས་ཀྱི་མེད། གཅིག་བྱས་ན་བློ་བཟང་རྒྱ་མཚོ་ལགས་ཀྱིས་དུས་རྒྱུན་ནས་རྒྱུ་ཆ་དེ་རིགས་བེད་སྤྱོད་གནང་ཡག་གོམས་ཡོད་ཀྱི་རེད། སོ་མས་བཟོས་པའི་རས་ཀྱི་སྟེང་སྣུམ་ཚོན་རི་མོ་བྲིས་པ་དང་སྲིང་བལ་གྱི་རས་ཀྱི་སྟེང་སྐུ་ཐང་བཞེངས་པ། ཤོག་བུ་སྤུས་ལེགས་སྟེང་བྲིས་པའི་ཆུ་ཚོན་རི་མོ་ནང་བཞིན་ཡིན་གྱི་རེད། ཡིན་ནའི་གུས་མོས་ཁོང་གི་དྲ་རྒྱའི་སྟེང་ནས་དེ་སྔོན་ཁོང་གིས་བྲིས་གནང་བའི་དགོན་པའི་ལྡེབ་རིས་སྟེང་གི་ཚོན་དོག་ལས་བཀྲག་མདངས་ཆེ་བ་དང་དེ་བས་རྣམ་པར་བཀྲ་བའི་རི་མོ་ཁག་མཐོང་བྱུང༌།
མཛེས་སྡུག་ལྡན་པ་དང་འདི་ལྟ་བུའི་མཛེས་སྡུག་ལྔན་པ།
བརྗོད་པར་དཀའ་བའི་མཛེས་སྡུག་ལྡན་པ་ཞིག་འདུག་ལ།
བསམ་ཡུལ་ལས་འདས་པའི་མཛེས་སྡུག་ལྡན་པ་ཞིག་འདུག
ངའི་འདས་པ།
ང་ཚོའི་འདས་པ།
བེད་མེད་ཀྱི་འདས་པའི་ལོ་ཟླ།
དངོས་གནས་མཛེས་པོ་འདུག དངོས་གནས་མཛེས་པོ་འདུག དངོས་གནས་མཛེས་པོ་འདུག མཛེས་པ་ལ་ཨྰ། ག་རེ་འཁྱེར་ནས་འདི་ལྟ་བུའི་མཛེས་སྡུག་འདི་ཚུར་བརྗེ་ཐུབ་ཀྱི་རེད་དམ།
འདི་ནི་གུས་མོས་དེ་སྔོན་བྲིས་པའི་སྙན་ངག་ཡིན་ལ། དེ་ཡང་ངས་བློ་བཟང་རྒྱ་མཚོ་ལགས་ཀྱི་རི་མོར་དགའ་མོས་བྱེད་པའི་རྒྱུ་རྐྱེན་ཞིག་ཡིན། སྟབས་བདེ་པོའི་ངང་ནས་ཞུས་ན། ཁོང་གི་རི་མོའི་ནང་རྩ་ཐོར་ལ་སོང་ཟིན་པ་གཅིག་ཁོང་གིས་ཚུར་ཉར་ཚགས་གནང་བའི་བོད་ཞིག་དང་ཁོང་གིས་ངོས་འཛིན་གནང་བའི་DNAརྒྱུད་པ་ཡོད་པའི་བོད་ཞིག་མཐོང་རྒྱུ་ཡོད། རི་མོའི་ནང་གི་བོད་དེ་རི་མོ་ལྟ་མཁན་གྱི་མིའི་ངོས་ནས་བརྗོད་ན། དངོས་གནས་བློ་ཡིད་སྤྲོ་ཞིང་ལྟ་ན་སྡུག་པ་ཞིག་ཡོད། ཡིན་ནའི་གུས་མོ་ལྟ་བུའི་རི་མོ་ལྟ་མཁན་གྱི་ངོས་ནས་ཞུས་ན། བློ་ཕམ་དང་སེམས་སྡུག་གང་ཡོད་པའི་བསམ་ཚུལ་འདི་གུས་མོས་སྙན་ངག་དེ་ཚོའི་ཁྲོད་མངོན་པར་བྱས་ཡོད།
བློ་བཟང་རྒྱ་མཚོ་ལགས་ཀྱི་བརྩམས་བྱ་འདི་རྣམས་མཐོང་བའི་རྗེས་ཁོང་གིས་ག་དུས་ནས་འགོ་བཙུགས་ཏེ་རི་མོ་འདི་རྣམས་བྲིས་གནང་བ་ཡིན་པ་ངས་ཤེས་ཀྱི་མེད། Jokhang(གཙུག་ལག་ཁང་)གི་དུས་ཡུན་སྐར་མ་བཅོ་ལྔ་འདི་ཟླ་༣ཚེས་༢༧ཉིན་ཐོན་པ་ཞིག་དང་Labrang(བླ་བྲང་བཀྲ་ཤིས་འཁྱིལ་)དུས་ཡུན་སྐར་མ་བཅོ་ལྔ་འདི་ཟླ་༤ཚེས་༩ཉིན་ཐོན་པ་ཞིག་ཡིན་པས་Sings from Tibet ཅེས་འབོད་པའི་Tibetan(བོད་མིའི་)གཟུགས་བརྙན་བཅུ་གཉིས་ཡོད་པ་འདི་བློ་བཟང་རྒྱ་མཚོ་ལགས་ཀྱི་བརྩམས་བྱ་གསར་ཤོས་དེ་ཡིན་གྱི་རེད། གུས་མོ་ཧང་སང་བྱུང༌། གཞན་བརྗོད་མི་དགོས་པར་དེའི་སྔོན་ལ་ཁོང་གིས་དྲ་རྒྱའི་སྟེང་འགྲེལ་སྤེལ་གནང་བའི་བརྩམས་བྱ་ཚང་མ་དང་བསྡུར་ན་ཧེ་བག་ཧ་ཅང་གི་ཆེ་བ་དང་བསམ་ཡུལ་ལས་འདས་པ་ཞིག་འདུག་པས་མི་སྣ་གཞན་གྱི་ལག་པ་ནས་ཐོན་པ་ལྟ་བུ་འདྲ་པོ་འདུག གང་འདྲ་ཡིན་རུང་གུས་མོས་བརྗོད་དགོས་པ་ནི་གང་འདྲ་ཟེ་ལྟས་པའི་སྐབས་དང་ཡང་ན་དུས་ཚོད་ཏོག་ཙམ་ཕྱིན་པའི་རྗེས་བསྐྱར་དུ་ལྟས་པའི་སྐབས་ཚང་མ་སྤྲོ་སྣང་ཆེན་པོ་སྐྱེས་པའི་འཚོ་བ་ཞིག་ཡོང་གི་མིན་འདུག ཐད་ཀར་ཞུས་ན། ངའི་མཐོང་སྣང་བེད་པོ་རྩ་བ་ནས་མ་བྱུང༌། དེ་ཡང་མིག་ལ་གཟེར་པོ་དང་ཐ་ན་ཚགས་ཞིབ་མོའི་ནག་ཐིག་འདི་རྣམས་ཀྱིས་ལྡིར་སྒྲ་སྒྲོགས་པ་ལྟ་བུ་འདུག དེའི་ནང་གི་སྟོང་ཆ་དང་དེའི་མང་ཆེ་བའི་རྒྱ་ཁྱོན་ནག་པོ་འདིས་རང་ཉིད་ཀྱང་འདིའི་ནང་མཉམ་དུ་ལྷུང་བ་ལྟ་བུ་ཡོང་གི་འདུག འོན་ཀྱང་ལྟས་པ་ཙམ་གྱིས་ལམ་སེང་མཐོང་ཐུབ་རྒྱུར་གཟུགས་བརྙན་རེ་རེ་བཞིན་ཐོག་མ་ག་ནས་ཡིན་པ་དང་རྒྱུ་རྐྱེན་གང་ལ་རྟེན་ནས་བྱུང་བ་ཡིན་པ་གསལ་པོ་མཐོང་ཐུབ་ཀྱི་འདུག དེས་མ་ཚད་བརྩམས་བྱ་རེ་རེར་ཨང་གྲངས་རྒྱབ་ཡོད་པ་སྟེ། Jokhang #1 (གཙུག་ལག་ཁང་) ནས་Jokhang #6 དང་། Labrang #1 ནས་Labrang #6བར་ཡོད། འགོ་བརྗོད་སྟབས་བདེ་པོ་དང་འགོ་བརྗོད་བསྐྱར་འདོད་བྱས་ཡོད་པས་ལྟ་ཐེངས་གཅིག་གིས་ཤེས་ཐུབ་ཀྱི་འདུག འདིར་གསལ་བཤད་བྱ་དགོས་པ་ཞིག་ལ་ང་གཅིག་པོ་མ་ཡིན་པར་ད་དུང་བོད་པ་མང་པོས་མཐོང་བ་ཙམ་གྱིས་རྟོགས་ཐུབ་ཀྱི་ཡོད། འོན་ཀྱང་གཞན་གྱིས་མཐོང་ནས་གོ་དོན་རྟོགས་ཐུབ་ཀྱི་ཡོད་མིན་བཤད་ཁག་པོ་རེད། ཡིན་ནའི་འདིའི་ཁྲོད་ནས་རིན་ཐང་གི་དབྱེ་བ་ཕྱེ་ཡོད་མིན་གང་ཡང་མངོན་གྱི་མེད། དོན་དངོས་ཐོག་ནས་ཞུས་ན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྒྱབ་ལྗོངས་གཅིག་པ་མེད་པ་དང་ལྷག་པར་ཟླ་བ་གསུམ་པའི་སྐྱིད་སྡུག་མཉམ་མྱོང་འདི་མེད་པ་ཡིན་ན་རང་རང་སོ་སོ་ཡིན་པ་རེད།
དེ་ནས་དངོས་གནས་མཐོང་སྣང་བདེ་པོ་རྩ་བ་ནས་མ་བྱུང་བར་རྟེན་ངེས་པར་དུ་ཕབ་ལེན་བྱེད་དགོས་བྱུང༌ནས་དེ་ནས་བསྐྱར་དུ་གློག་ཀླད་(རིག་མཛོད་འཕྲུལ་སྤྱད་)ཐོག་ཆེ་ཆུང་བཟོས་པ་ཡིན། མུ་མཐུད་དེ་ཆུང་རུ་ཆུང་རུ་བཏང་ནས་རི་མོའི་གཟུགས་དབྱིབས་ཕྲ་མཐོང་ཅན་ལ་འགྱུར་བའི་བརྒྱུད་རིམ་འདི་སེམས་འགུལ་ཧ་ཅང་ཆེ་བའི་ནུས་པ་ཞིག་ཡོང་གི་འདུག དེ་ཡང་མིག་མདུན་ཁ་ཐོར་ནས་ཡོད་པའི་ཚགས་ནག་ཐིག་འདི་རྣམས་རིམ་པས་ཕྱོགས་གཅིག་ཏུ་བསྡུས་ཏེ་མི་གཅིག་གི་དབང་པོ་ལྔའི་གཟུགས་དབྱིབས་ཆགས་ནས་མི་འདིའི་རྣམ་འགྱུར་ནི་འདི་ལྟ་བུའི་ངར་ཤུགས་ལྡན་པ་དང་འདི་ལྟ་བུའི་ནན་ཏན་ཆེ་བ་ཞིག་མངོན་གྱི་འདུག དེའི་ཁྲོད་ནས་ཁྱེད་ཀྱིས་དོ་སྣང་དགོས་པ་དང་གཟབ་ནན་གྱིས་ཉན་དགོས་པའི་རེ་བ་ཞིག་དང༌། ཁྱེད་ཀྱིས་འདིར་བརྩི་འཇོག་ཡོང་བ་དང་གོམ་པ་རེ་རེ་བཞིན་གནོན་ཏེ་འུ་ཐུག་བཅུག་པའི་བྱེད་སྟངས་འདི་འདོར་དགོས་པའི་རེ་བ་བཏོན་གྱི་ཡོད་པ་ལྟ་བུ་འདུག་པས་སྐར་མ་བཅོ་ལྔ་འདི་བསྐྱར་དུ་སོན་པོར་ཐོན་སོང༌། ཡིན་ནའི་བྲེལ་ཚུབ་ཀྱི་ནང་གློག་ཀླད་ཀྱི་ཐོག་ཀླད་སྐོར་ཐོལ་པ་གཅིག་སྣོན་འདུག་པས་བརྒྱ་ཆ་བརྒྱའི་བསྡུར་གྲངས་འདི་བརྒྱ་ཆ་ཆིག་སྟོང་གི་བསྡུར་གྲངས་ལ་འགྱུར་ནས་གློ་བུར་དུ་ཆེ་རུ་ཕྱིན་པའི་རི་མོ་འདིར་ག་བྱེད་འདི་བྱེད་མ་བྱུང༌། མིག་མདུན་ཡོད་པའི་ཚགས་ཐིག་དང་སྟོང་ཆ་དཀར་པོ། དེ་བཞིན་ནག་ཐིག་ཡོད་ཚད་ཚང་མས་ཧོབ་སྟེ་གློག་ཀླད་ཀྱི་པར་ངོས་ཆ་ཚང་ཁེངས་ནས་ཟང་ངེ་ཟིང་ངེ་དང་མགོ་རྙོག་ནས་གང་ཡང་མཐོང་རྒྱུ་མེད་པར་འགྱུར་སོང༌ལ། གོ་དོན་གང་ཡང་ཧ་མི་གོ་བར་འགྱུར་སོང༌བས་སྐར་མ་བཅོ་ལྔ་འདི་ག་པར་ཡོད་དམ། ཁོང་ཚོ་མི་མི་རེ་ངོ་རེ་ག་པར་ཡོད་དམ།
ཆུང་རུ་བཏང་བ་དང་ཆེ་རུ་བཏང་བའི་དུས་ཚོད་ནང་དང་ཉམས་པ་སོར་ཆུད་ཀྱི་སླར་གསོ་དང་རྩ་ཐོར་ཕྱིན་པ་གཉིས་ཀྱི་བར་ལ་ཚང་མ་འགྱུར་ཡོད་པ་དང་མཐར་ཕྱིན་པའི་འགྱུར་བ་ཕྱིན་པ་སྟེ་ཧ་སང་བའི་སྙིང་རྗེ་པོ་ཞིག་དུས་འདི་ནས་གསར་དུ་ཐོན་ཡོད་པ་རེད། འདི་ནི་William Bulter Yeats ནས་བྲིས་པའི་སྙན་ངག་གཅིག་ཡིན། ཁོང་གིས་ད་དུང་བྲིས་དོན་ལ། གང་བཤད་ཡོད་པ་དང་གང་བྱས་ཡོད་མིན་ལ་མི་ལྟོས་པར། ང་ཚོས་ཁོང་ཚོའི་རྨི་ལམ་འདི་ཤེས་རྟོགས་ཐུབ་བྱུང༌།

* * *
གུས་མོས་ངེས་པར་དུ་བརྗོད་དགོས་པ་ཞིག་ལ། Jokhang(གཙུག་ལག་ཁང་)གི་གཟུགས་བརྙན་དྲུག་པོ་འདི་ངའི་ངོས་ནས་ཞུས་ན་འདི་ལྟ་བུའི་རྒྱུས་མངའ་ཆེ་བ་གཅིག་ཡོད། དྲན་ཐོག་ལ་ཉིན་འདིའི་དགོང་དྲོ་གློག་ཀླད་ཀྱི་མདུན་འདིར་བསྡད་ནས་སྐར་མ་རེ་གཉིས་ཀྱི་བརྙན་པར་འདི་རྣམས་རེ་རེ་བཞིན་ཕབ་ཚུར་ལེན་བྱེད་བཞིན་སེམས་སྡུག་གི་མིག་ཆུ་རྫོགས་ཐབས་མིན་འདུག གུས་མོས་རྒྱུས་མངའ་ཡོད་པ་འདི་ Jokhang(གཙུག་ལག་ཁང་)ནང་རིག་གནས་གསར་བརྗེའི་རྗེས་ལ་ཞིག་གསོ་བྱས་པའི་ལྡེབ་རིས་དང་དེ་བཞིན་མཆོད་མེས་ནག་པོ་ཆགས་པའི་སྒོ་ཁྲ་ཁྲ་བ་ཁྲ་དང༌། འདི་ལས་རྒྱུས་མངའ་ཆེ་བ་ནི་དགེ་འདུན་པ་འདི་རྣམས་ཀྱི་ཞལ་རས་ཆགས་ཀྱི་འདུག ཧ་ལམ་མི་མི་རེ་ངོ་རེ་ཚང་མ་གུས་མོས་མཇལ་མྱོང་ཡོད་པ་དང་དགེ་འདུན་པ་འགའ་ཤས་ཞིག་ལ་གུས་མོས་བཀའ་མོལ་ཡང་ཞུ་མྱོང་ཡོད། ཡིན་ནའི་བཀའ་མོལ་ག་རེ་ཞུས་ཡོད་མིན་ད་ལྟ་དྲན་གྱི་མིན་འདུག ཡང་འགའ་ཤས་ཞིག་གི་གྲ་ཤག་ནང་གུས་མོ་སྐྱོད་མྱོང་ཡོད་པ་དང་ཁོང་རྣམ་པའི་སྒེའུ་ཁུང་མདུན་བཞད་བཞིན་ཡོད་པའི་མེ་ཏོག་བཞག་ཡོད་ལ། གྲ་ཤག་ནང་བརྙན་འཕྲིན་དང་གློག་ཀླད་ཡང་ཡོད་པས་དངོས་གནས་ཞུས་ན་ Jokhang(གཙུག་ལག་ཁང་)གི་དགེ་འདུན་པ་ཚང་མར་ཕྱི་དངོས་པོའི་འཚོ་བའི་ཐོག་མཐུན་རྐྱེན་གང་ཙམ་ཡག་པོ་ཡོད། ཁོང་རྣམ་པ་ཚང་མ་ལོ་ན་གཞོན་པ་དང་ཁ་ཤས་ཆུང་དུས་ནས་ལོ་ན་རྒན་པའི་དགེ་འདུན་པ་དང་ལྷན་དུ་དགོན་པའི་ནང་མཉམ་དུ་འཚོ་བ་བསྐྱལ་ནས་བཞུགས་ཡོད་པས་སྤྱིར་བཏང་ཚང་མ་སྤུན་མཆེད་ཡིན་པ་དང་གཞུང་ཕྱོགས་ཀྱི་གཏན་འབེབས་བྱས་པའི་ལོ་ཚད་ལ་སླེབས་དུས་གཞི་ནས་གྲ་ཆས་བཞེས་ཀྱི་ཡོད། ཁ་ཤས་ནི་ལོ་ཤས་ནང་གསར་དུ་བཅུག་པ་དང་གཞུང་ཕྱོགས་ནས་ Jokhang(གཙུག་ལག་ཁང་)ལ་གཏན་འབེབས་བཟོས་པའི་དགེ་འདུན་པའི་ཚད་གཞི་ནི་༡༢༠དང་གྲ་པ་ལོག་པ་དང་བྲོས་བྱོལ་ལ་ཕྱིན་པ་ཡོད་ན་གཞི་ནས་ཚབ་རེ་བཅུག་གི་ཡོད་པས་ད་ལྟ་བར་བརྒྱ་ལྷག་ཙམ་ཡིན་པ་རེད། གུས་མོས་ཁོང་རྣམ་པ་རྒྱུས་མངའ་ཧ་ཅང་གི་ཆེན་པོ་ཡོད། དེར་རྟེན་གུས་མོ་ཧང་སང་བ་དང་སེམས་འགུལ་ཐེབས་པ་ཞིག་བྱུང༌ལ། དངོས་གནས་མི་མང་པོ་ཡང་འདིར་ཧང་སང་པ་དང་སེམས་འགུལ་ཐེབས་བཞག གང་འདྲ་ཡིན་ན་ཡང་སྐད་གྲགས་ཡོད་པའི་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པ་ཚོ་དེ་མིན་གྱི་དགོན་པ་དང་གཅིག་པ་མིན་པ་རེད། ཁོང་རྣམ་པ་ཡང་ལས་ཁུངས་ཚན་པའི་ནང་ལ་ཐན་ཞོད་གང་བྱུང་ན་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་ནང་བཞིན་གྱི་ལས་ཀ་ལྟ་བུ་ཞིག་ཡོད་པ་དང་དེ་ཡང་སྒྲིག་གཞིའི་ནང་གི་མི་ཞིག་ལ་རྩིས་ན་ཆོག་གི་ཡོད། དེར་རྟེན་དགེ་འདུན་ཚོས་གང་ལ་ཡང་མི་འཛེམས་པར་དཔར་ངར་ཆེ་སྐྱེད་ཀྱིས་མདུན་ལ་དོན་པ་འདི་བློ་སྟོབས་དང་དད་པ་ཡིད་ཆེས་ཡོད་པས་མ་ཚད་དེ་བས་ནི་དཀའ་མེད་འུ་ཐུག་ཀྱི་ཐབས་ཤེས་མེད་པ་ཞིག་ཡིན་པ་རེད།
ཟླ་བ་བརྒྱད་པའི་ནང་པེ་ཅིང་གིས་ཨོ་ལོན་ཕིགསི་ལུས་རྩལ་འགྲན་ཚོགས་གཉེར་ནས་དར་རྒྱས་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཀྱི་རྣམ་པ་གཅིག་སྟོན་ཡོད་པ་དང་དེའི་སྐབས་གུས་མོ་ཨ་མདོ་རྒྱུད་ལྷ་སར་ལོག་པ་ཡིན། ལྷ་སར་སླེབས་པའི་ཉིན་གསུམ་པ་འདི་གཟའ་ལྷག་པ་ཞིག་ཡིན་པས་འདི་ནི་གཟའ་འཁོར་གཅིག་ནང་གི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་པས་མི་གཞན་གྱི་ཉིན་མོ་འདི་མི་ཤེས་ན་ཡང་བོད་པ་ཚོས་ཤེས་ཀྱི་ཡོད། ཚང་མས་འདི་ནི་རྒྱལ་བ་རིན་པོ་ཆེའི་འཁྲུངས་གཟའ་ནི་རེས་གཟའ་ལྷག་པ་ཡིན་པ་བརྗོད་དེ་རྒྱུན་དུ་ནས་གོ་རྒྱུ་ཡོད་པས་གོམས་གཤིས་ཆགས་ཡོད་པར་རྟེན་རེས་གཟའ་ལྷག་པ་ཆགས་ཅན་སྐུ་སངས་ཀྱི་དུ་བ་དམིགས་བསལ་གྱི་མང་པོ་ཡོད་ལ་གསོལ་བ་སྨོན་ལམ་འདེབས་མཁན་དེ་བས་འཁྲུག་ཆ་དོད་པ་ཡོད། ཡིན་ནི་བསམ་ཡུལ་ལས་འདས་པ་ཞིག་ནི་གསུམ་པའི་ཚེས་༡༤རྗེས་ད་དུང་ཡང་བོད་པ་མང་པོ་ཞིག་གིས་རེས་གཟའ་ལྷག་པའི་ཉིན་ལྷ་ས་ཡོངས་ལ་ཁྱབ་པའི་སྐུ་སངས་ཀྱི་དུ་བའི་ཁྲོད་དྲན་སེམས་གཟབ་མོ་ཞིག་བཅངས་བཞིན་ཡོད། ཁྲོམ་གཞུང་ཡོངས་རྫོགས་མཚོན་ཆས་དྲག་ཆས་ཡོངས་སུ་སྤྲས་པའི་དམག་མིས་འདིའི་རྣམ་པ་ཡོད་ཚད་ཐམས་ཅད་མེད་པ་བཟོས་ནས་རྫིག་ཉམས་ཆེ་མདོག་གིས་བཙན་ཤེད་ངང་ཕར་འགྲོ་ཚུར་འོང་དང་ཁྲོམ་གཞུང་ཐོག་ལངས་པ་སོགས་བྱེད་ཀྱི་འདུག དམག་མི་དང་མེ་མདའ་རྒྱུད་དེ་གུས་མོས་བྲེལ་འཚུབ་ངང་ Jokhang(གཙུག་ལག་ཁང་)དུ་འཛུལ་བ་ཡིན། ལོ་ཤས་ནང་ཐེངས་ག་ཚོད་ཡིན་མིན་དྲན་གྱི་མིན་འདུག ཚང་མ་ཕ་ཡུལ་དང་ཁ་བྲལ་བའི་མི་ནང་བཞིན་རང་ཁྱིམ་དུ་ཕྱིར་ལོག་བྱེད་པ་དང་བྲེལ་འཚུབ་ངང་ Jokhang(གཙུག་ལག་ཁང་)དུ་སྐྱོད་ཀྱི་ཡོད། ཡིན་ནའི་ད་རེས་ངས་ཁོང་ཚོའི་གནས་སྟངས་དེ་བས་ཤེས་དོད་ཆེ་བ་བྱུང༌ལ། ཟླ་༣ཚེས་༢༧ཉིན་ཕྱི་རྒྱལ་གྱི་གསར་འགོད་པར་དངོས་ཡོད་བདེན་པའི་གནས་ཚུལ་གསུང་མཁན་གྱི་དགེ་འདུན་པ་ཚོ་གང་འདྲ་བྱས་ཡོད་དམ་བསམ་པ་བྱུང༌།
གཟིམ་སྒོའི་གཡོན་ཕྱོགས་སུ་ཡུལ་སྐོར་བ་ཚོར་སྤ་སེ་ཙོང་མཁན་གྱི་དགེ་འདུན་པ་འགའ་ཤས་སྔ་རྒྱུན་བཞིན་བཞུགས་ནས་ཡོད་པ་དང་དེའི་ནང་ཏག་ཏག་གུས་མོས་ངོ་ཤེས་ནས་ལོ་མང་སོང་བའི་དགེ་འདུན་པ་ཡང་འདུག་ལ། རེ་རེ་བཞིན་ཁོང་རྣམ་པའི་མཚན་ཡང་འབོད་ཐུབ་ཀྱི་ཡོད། ཧང་སང་བའི་རྣམ་འགྱུར་འདི་ཁོང་ཚོའི་གདོང་པའི་ཐོག་ནས་མཐོང་ཐུབ་ཀྱི་འདུག་པས་གུས་མོའི་སེམས་ནང་གི་ངར་ཤུགས་དང་མི་བདེ་བ་བྱུང་བ་འདི་གཟོད་སྒོམ་བྱས་ཏེ་ཕན་ཚུན་འཚམས་འདྲིའི་ཐོག་ནས་བདེ་པོ་ཡིན་པས་བརྗོད་པ་ལས་དེ་སྔ་ནང་བཞིན་སྐད་ཆ་རྫོགས་རྒྱུ་མེད་པ་བཤད་ཡག་མིན་འདུག ཡིན་ནའི་དེའི་རྗེས་ཀྱི་གནས་ཚུལ་ཁག་དྲན་གསོས་བྱེད་དུས་གུས་མོའི་ངོས་ནས་ཞུས་ན་ཧ་ཅང་གི་ཁག་པོ་འདུག གང་ཡིན་ཞུས་ན་ངས་མུ་མཐུད་ནས་མིག་ཆུ་བཏང་ནས་བསྡད་པ་ཡིན། ཟླ་བ་གསུམ་པ་ནས་བཟུང་ཁྲག་དང་མེ་ལྕེ་རྒྱུན་མི་ཆད་པར་ངའི་མིག་མདུན་ཐོན་གྱི་འདུག་པས་གུས་མོའི་མིག་ཆུ་བཀག་ཐུབ་ཀྱི་མིན་འདུག དེ་ནས་ཞལ་རས་ཀྱི་རྣམ་པ་བབ་བརླིང་ལྡན་པའི་ཇོ་བོ་རིན་པོ་ཆེའི་སྐུ་མདུན་ལ་སྐུ་ཕྱག་གསུམ་ཕུལ་སྐབས་མཁྲེགས་ཞིང་གྲང་བའི་ཞ་ལའི་སྟེང་དཔྲལ་བ་ཐུགས་དུས་གསལ་ལ་མི་གསལ་གྱི་སྒྲ་ཡང་ཐོས་རྒྱུ་འདུག་པ་དང་། ཆོས་མཇལ་ཞུ་བར་སྐྱོད་མཁན་གྱི་མི་ཚོ་འཚང་ཀ་ཤིག་ཤིག་ངང་གཅིག་ལ་གཅིག་མཐུད་ཀྱིས་གཞོགས་གཡོན་ནས་གཡས་ལ་སྐྱོད་པ་ཡིན་ཚེ་ཇོ་བོ་རིན་པོ་ཆེ་དཀྱིལ་དཀྲུང་གནང་ནས་བཞུགས་པའི་སྐུ་གཟུགས་དང་ཐག་ཧ་ཅང་ཉེ་པོའི་ཐོག་ནས་དཔྲལ་བ་ཐུགས་ཏེ་མཇལ་ཁ་ཞུ་རྒྱུ་ཡོད། རིན་ཆེན་ནོར་བུས་རྒྱན་པ་དང་གོས་ཆེན་གསེར་པོའི་ན་བཟའ་སྒྲོན་ཞིང་དེའི་ཁྲོད་ནས་སྦུག་སུབ་དོག་པོ་ཡོད་པའི་རྣམ་པ་ཞིག་ཐོན་གྱི་འདུག སྐུ་མདུན་དུ་མཇལ་དར་དང་དངུལ་ལོར་གྱི་ཁེངས་ནས་འདུག་ལ། ད་དུང་ང་ཚོའི་མིག་ཆུ་ཡང་སྤུངས་ནས་འདུག ཏག་ཏག་རེད། གུས་མོར་དེའི་ནང་གི་སྐུ་ཞབས་གཅིག་དེ་རང་ནས་མཇལ་བྱུང༌། ཁོང་ནི་ཕྱི་རྒྱལ་གྱི་གསར་འགོད་པའི་མདུན་ལ་རྒྱུགས་ནས་སྐད་ཤུགས་ཆེན་པོ་ངུ་འབོད་གནང་མཁན་ནང་གི་གཅིག་རེད་ལ། ཡང་ཁོང་བློ་བཟང་རྒྱ་མཚོ་ལགས་ཀྱི་Jokhang(གཙུག་ལག་ཁང་) རི་མོའི་ནང་གི་གཅིག་རེད། ཁོང་སྐུ་གཉེར་སྐུ་ཞབས་མིན་པ་ངས་ཤེས་ཀྱི་ཡོད། ཁོང་གིས་གློ་བུར་དུ་རྒྱུགས་ཕེབས་ནས་སྐུ་གཉེར་སྐུ་ཞབས་ཀྱི་ཁྲིད་ལ་བཞེངས་ཏེ་ཕྱག་གཉིས་ཐེལ་མོ་སྦྱར་བཞིན་ཡོད་པ་འདི་ཇོ་བོ་རིན་པོ་ཆེར་གསོལ་བ་སྨོན་ལམ་འདེབས་གནང་གི་ཡོད་པ་འདྲ་པོ་འདུག་ཀྱང་ཡིན་ནའི་ཁོང་གི་སྤྱན་གཉིས་པོ་གུས་མོར་གཟིགས་བཞིན་འདུག ང་རང་ཡང་ཧ་སང་ཏེ་ཁོང་ལ་ལྟས་པ་ཡིན། གང་ཡིན་ཞུས་ན་ངས་ཁོང་ངོ་ཤེས་བྱུང༌། ཡིན་ནའི་ངས་ཁོང་ལ་གང་ཞུ་ཐུབ་ཀྱི་རེད་དམ། Jokhang(གཙུག་ལག་ཁང་)ནང་ཕྱོགས་བཞི་མཚམས་བརྒྱད་གང་སར་བརྙན་པར་ལེན་པའི་འཕྲུལ་ཆས་བཙུགས་ནས་ལྟ་སྲུང་དོ་དམ་བྱེད་བཞིན་ཡོད་པ་དང་མི་ཚོགས་ནང་ལ་ཡང་དད་ལྡན་པའི་མི་དམངས་དཀྱུས་མའི་ཆས་གོས་གྱོན་པའི་སོ་སྙུལ་ནས་སོ་ལྟ་བྱེད་བཞིན་ཡོད་པས་དེ་ནས་འགོག་ཐབས་བྲལ་བཞག ཁོང་གི་སྤྱན་ནང་མིག་ཆུས་ཁེངས་ནས་གཟིགས་བཞིན་ཡོད་པ་འདིའི་ཁྲོད་ནས་གུས་མོར་བཀའ་མོལ་མང་པོ་གནང་ཡག་ཡོད་པ་འདྲ་པོ་འདུག ཡིན་ནའི་ང་ཚོས་ཡང་གང་བཤད་ཐུབ་ཀྱི་རེད་དམ། ཐག་ཉེ་པོའི་ངང་གཟིགས་བཞིན་འདུག་པས་གུས་མོ་རང་དབང་མེད་པར་ཁོང་ལ་བདེ་པོ་ཡིན་པས་ཅེས་ཞུ་སྐབས་ཁོང་གི་སྤྱན་ནང་མིག་ཆུ་ཁེངས་ནས་དབུ་ཅོག་ཅོག་གནང་གིས། ཡང་གུས་མོས་རང་དབང་མེད་པར་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཞུ་བཞིན་གདོང་པ་ཚང་མ་མིག་ཆུས་ཁེངས་ནས་མགོ་བོ་སྒུར་སྒུར་བྱས་ཏེ་ཁ་མ་བྲལ་རང་བྲལ་འཁེལ་བྱུང༌། གང་འདྲ་ཡིན་རུང་Jokhang(ཁོང་གཙུག་ལག་ཁང་)ལ་བཞུགས་ཡོད་པ་འདིའི་ཐོག་ནས་ང་རང་འདོད་བློ་ཁེངས་སོང༌། ངོ་ཤེས་ནས་ལོ་མང་སོང་པའི་དགེ་འདུན་པ་གཅིག་གིས་ངའི་ཕྱོགས་སུ་ཕེབས་ནས་བློ་ཁོག་ཆེན་པོས་གུས་མོར་དྲན་སྐུལ་གནང་དོན་ལ། ཨ་ཅག་འདིར་དྲི་བ་གང་ཡང་དྲི་རྒྱུ་མེད་ལ། སྐད་ཆ་གང་ཡང་བཤད་རྒྱུ་མེད་གསུང་བྱུང༌། Jokhang(གཙུག་ལག་ཁང་)གི་ཐོག་རྩེགས་གཉིས་ཐོག་ནས་ཡང་དེ་མིན་གྱི་དགེ་འདུན་པ་གཅིག་མཇལ་བྱུང༌། ཁོང་ཡང་ཕྱི་རྒྱལ་གྱི་གསར་འགོད་པའི་མདུན་རྒྱུགས་ནས་ངུ་འབོད་གནང་མཁན་གྲས་ཀྱི་གཅིག་རེད་ལ། ཁོང་ཡང་བློ་བཟང་རྒྱ་མཚོ་ལགས་ཀྱི་ Jokhang རི་མོའི་ནང་གི་གཅིག་རེད། ཁོང་གི་ཉེ་ཁོར་ལ་ད་དུང་ལོ་ན་གཞོན་པའི་དགེ་འདུན་པ་ཁ་ཤས་འདུག ཏན་ཏན་སྐར་མ་བཅོ་ལྔ་འདིའི་ནང་ཐོན་ཡོད་ཀྱི་རེད། ཁོང་གིས་གུས་མོའི་ཕྱོགས་སུ་འཛུམ་མོལ་མོལ་གནང་གི་འདུག་ཀྱང་ཁོང་གི་དགད་མོ་འདི་དངངས་སྐྲགས་ཀྱི་དར་སིལ་རྒྱབ་ཀྱི་ཡོད་པ་འདྲ་པོ་འདུག་པས་མ་མཐོང་ན་དགའ་ས་རེད། གུས་མོ་ཡང་སྐད་ཆ་བཤད་ཐུབ་ཀྱི་མིན་འདུག་པས་གདོང་པ་མ་བཀབ་པར་སྐྱོད་པ་ཡིན། པར་ཆས་ག་པར་བཙུགས་ཡོད་དམ། ཡང་སོ་སྙུལ་ག་པར་ཡོད་དམ། གང་འདྲ་ཡིན་རུང་ཁོང་ཚོ་Jokjang(གཙུག་ལག་ཁང་)ནང་ཡོད་པ་མཐོང་བ་ཡིན་ན་གཞི་ནས་བློ་ཁངས་ས་རེད།
ཡང་བློ་བཟང་རྒྱ་མཚོ་ལགས་ཀྱི་དེ་མིན་གཟུགས་བརྙན་དྲུག་པོ་འདི་གུས་མོས་ངོ་ཤེས་ཀྱི་མེད། གུས་མོ་བླ་བྲང་དགོན་པར་ཐེངས་གསུམ་མ་གཏོགས་སྐྱོད་མྱོང་མེད། ཡིན་ནའི་ངས་ང་དང་ལོ་ཚད་གཅིག་པ་ཡིན་པའི་སྐུ་ཞབས་འཇིགས་མེད་ལགས་ངོ་ཤེས་ཀྱི་ཡོད། ཁོང་དེ་སྔ་བླ་བྲང་དགོན་པའི་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པ་རེད། སྤྱི་ལོ་༢༠༠༦ལོར་རྒྱ་གར་ལ་སྐྱོད་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་དུས་འཁོར་དབང་ཆེན་ཞུ་མྱོང་ཡོད་པ་རེད། ཚུར་ལོག་ཕེབས་པའི་རྗེས་ཉིན་གྲངས་བཞི་བཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད། ཉེ་ཆར་ཁོང་གིས་བརྙན་འཕྲིན་འཁོར་ཐག་ནང་ཁོང་གཅིག་པོ་པར་ཆས་མདུན་བཞུགས་ནས་མི་ངོ་མ་དང་རང་ཉིད་ཀྱི་སྐད་རང་གི་ཐོག་ནས་ཁོང་གི་ཞལ་རས་དང་བཅས་པ་དུས་ཡུན་སྐར་མ་༢༠ཙམ་རིང་སྟོན་ནས་འདི་ལོ་ཟླ་བ་གསུམ་པ་ནས་ཐོན་པའི་དོན་རྐྱེན་ལ་ཁྱོན་ཡོངས་ཀྱི་དཔང་ཚིག་མཁོ་བཏོན་གནང་ཡོད། དེའི་སྐབས་ཡང་ཁོང་དོན་མེད་ཀྱིས་བཀག་ཉར་བྱས་ཏེ་ཚ་འདྲི་བྱས་ནས་ངོས་ལེན་ཞུ་རུ་བཅུག་པ་དང་དེའི་དབང་གིས་འདྲི་རྩད་ཁང་ནས་ཤི་གྲབས་བྱས་ཡོད། བརྙན་འཕྲིན་འཁོར་ཐག་ནང་ཁོང་གིས་ཟླ་བ་བཞི་པའི་ཚེས་དགུ་ཉིན་གྱི་Labrang(བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་)དགེ་འདུན་པ་སུམ་བཅུ་བཞི་བཅུ་ཙམ་ནས་ཕྱི་རྒྱལ་གྱི་གསར་འགོད་པ་སླེབས་སྐབས་གློ་བུར་དུ་རང་ཉིད་ཀྱིས་ལག་ཚེམ་རྒྱབ་ནས་བཟོས་པའི་རྒྱལ་དར་འཕྱར་ཞིང་ལྷ་ཁང་ནང་ནས་རྒྱུག་ཕེབས་ཏེ་སྐད་འབོད་གནང་དོན་ལ། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཡོད། ང་ཚོར་འགྲོ་བ་མིའི་ཐོབ་ཐང་མེད། ཡང་དགེ་འདུན་པ་ཁོང་རྣམས་ཉིན་ཤས་སོང་བའི་རྗེས་འཛིན་བཟུང་བྱས་ནས་ཉེས་རྡུག་དྲག་པོ་ཕོག་ཡོད་པ་རེད། དེའི་ནང་གི་དགེ་འདུན་པ་གཅིག་གི་རྐང་པ་བཅག་ནས་ད་ལྟ་གོམ་པ་རྒྱབ་རྒྱུ་མེད་པར་འགྱུར་ཡོད་ལ། དགེ་འདུན་པ་ཁ་ཤས་ཀྱི་ཞལ་གྱི་ནང་གློག་རྒྱུགས་བཅུག་ནས་དྲན་ཤེས་བརྟན་པོ་མེད་པ་བཟོས་ཡོད། དེ་བཞིན་སྐུ་ཞབས་འཇིགས་མེད་ལགས་ཀྱི་བརྙན་འཕྲིན་འཁོར་ཐག་འདི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན་ལེ་ཚན་ནང་སྟོན་པའི་རྗེས་ག་སོང་ཆ་མེད་དུ་འགྱུར་ཡོད་པ་དང་མི་འགའ་རེས་ད་ལྟ་ཁོང་ཡིབ་ནས་ཡོད་པ་བརྗོད་མཁན་འདུག་ལ་། འགའ་རེས་བཟང་བཙོན་ལ་བཅུག་པ་བརྗོད་མཁན་ཡང་འདུག
ཨ་མདོའི་གྲོགས་པོ་ཞིག་གིས་བརྗོད་པར་ཕྱི་རྒྱལ་གྱི་གསར་འགོད་པ་དང་སྐད་ཆ་བཤད་མྱོང་ཡོད་པའི་མི་བཅུ་གྲངས་ཞིག་བྲོས་བྱོལ་ལ་ཕྱིན་ཏེ་འབྲོག་རྭའི་ནང་ཡིབ་ནས་ཡོད་པ་ཚོར་འབྲོག་པ་མང་པོས་འགེབས་སྲུང་བྱས་ཡོད་པ་རེད། འོན་ཀྱང་ཁོང་ཚོས་ཕྱི་ཕྱོགས་དང་སྟབས་བདེའི་ལག་འཁྱེར་ཁ་པར་ཐོག་ནས་འབྲེལ་བ་བྱེད་སྐབས་གཞུང་ཕྱོགས་ཀྱི་འབྲེལ་ཡོད་ཚན་པ་ནས་ཁོང་ཚོ་ག་པར་ཡོད་མིན་རྩད་གཅོད་ཐུབ་སྟེ་མཚན་ལ་གློ་བུར་དུ་ཚུར་རྒོལ་བྱས་ཡོད། ཡིན་ནའི་སྟབས་ལེགས་པ་ཞིག་ལ་ཁྱིས་འཕྱངས་པར་རྟེན་དགེ་འདུན་པ་ཚོ་བྲོས་ཐུབ་ཡོད་པ་རེད་འདུག དམག་མི་ཚོས་བསྟུད་མར་མེ་མདའ་རྒྱབ་ནས་ཤི་རྨས་གང་འདྲ་བྱུང་ཡོད་མིན་ད་ལྟ་བར་གསལ་པོ་ཤེས་རྟོགས་མ་བྱུང༌། ཡང་ད་ལྟའི་འཆར་ད་དུང་མི་ལྔ་མུ་མཐུད་བྲོས་བཞིན་ཡོད་པ་རེད།
* * *
དོན་རྐྱེན་ཚང་མ་ཕྱོགས་སོ་སོའི་ངོས་ནས་མཉམ་ཞུགས་བྱས་པ་ཞིག་ཡིན་པ་རེད། གང་ཡིན་ཞུས་ན། ཕྱོགས་སོ་སོའི་ངོས་ནས་ཕན་ཚུན་གཞོགས་འདེགས་བྱས་པའི་དབང་གིས་མུ་མཐུད་འཕེལ་རྒྱས་འགྲོ་ཐུབ་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པས་ཡག་ཉེས་གཉིས་ཀ་ཡོད་པ་རེད། འདིའི་ནང་སླེབས་མེད་པ་ཡང་ཡོང་སྲིད་ཀྱི་རེད། ཐ་ན་འདིར་ཡོད་པའི་གྲས་ལ་ཡང་འདིར་ཡོད་པའི་མ་སླེབས་པ་ཡང་ཡོད་པ་རེད། དེ་ལས་ལྡོག་སྟེ་འདིར་མེད་ན་ཡང་སླེབས་མེད་པ་མ་ཡིན་པར་ཡོང་ཡོད་པའི་ཐོག་ཡང་ Anna Akhmatova ནས་བརྗོད་པ་བཞིན་ ང་སྐབས་དེ་དུས་ངའི་མི་དམངས་དང་མཉམ་དུ་བསྡད་ཡོད་ལ། ངའི་མི་དམངས་ལ་ཆག་སྒོ་བྱུང་ཡུལ་གྱི་ས་གནས་དེ་རང་ལ་བསྡད་ཡོད།
མཉམ་ཞུགས་བྱས་མེད་པ་མ་ཡིན་པ་ནི་ཐབས་ལམ་སྣ་ཚོགས་ཐོག་ནས་ཡོད་པ་རེད། དཔེར་ན་སྐད་ཆ་དུམ་བུ་འདི་འདྲ་གཅིག་ཡོད་པ་སྟེ། ཁྱེད་ཀྱིས་འཛམ་གླིང་འདིར་མུན་ནག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཡིན་ནའི་མུན་ནག་ཟེར་བ་འདི་མེད་པ་རེད། ཁྱེད་རང་གིས་རིམ་པ་མི་འདྲ་བའི་འོད་ཀྱི་ཚད་གཞིའི་རང་བཞིན་བརྗོད་ཐུབ་ཀྱི་ཡོད་པ་སྟེ། འོད་ཕྲ་མོ། རབ་རིབ་ཀྱི་འོད། ཕྲ་ཞིང་ཞིབ་པའི་འོད། མིག་ལ་གཟེར་བའི་འོད། འོད་ཆེམ་ཆེམ་ལ་སོགས་པ་ཡོད་པ་རེད། ཡིན་ནའི་ཁྱེད་ལ་རྒྱུན་མཐུད་ཐུབ་པའི་འོད་མེད་པའི་སྐབས་ཁྱེད་ལ་ཡོད་པ་འདི་མུན་ནག་ཡིན་པ་དང་ཡང་མུན་ནག་ནི་འོད་ཀྱི་ནུས་པ་འདི་མེད་པའི་དབང་གིས་ཡིན་པ་རེད། img_01371
དེར་རྟེན་ཕན་ཚུན་གཞོགས་འདེགས་བྱེད་པ་འདི་གལ་འགངས་ཆེན་ཡིན་པ་རེད། ཕན་ཚུན་གཞོགས་འདེགས་བྱེད་རེས་བྱས་པའི་རྒྱུད་རིམ་ནང༌གུས་མོས་བློ་བཟང་རྒྱ་མཚོ་ལགས་ཀྱི་རི་མོ་གསར་པ་འདི་རྣམས་ཀྱི་ཁྲོད་ནས་གཡོ་འགུལ་ཐེབས་ཏེ་བསྐྱར་དུ་ཐོན་པའི་Tibetan(བོད་མི་)བཅུ་གཉིས་ཀྱི་གཟུགས་བརྙན་འདིས་Jokhang(ལྷ་ལྡན་གཙུག་ལག་ཁང་)དང་Labrang(བླ་བྲང་བཀྲ་ཤིས་འཁྱིལ་)ལ་བྱུང་བའི་དུས་ཡུན་སྐར་མ་བཅོ་ལྔ་འདིས་གཡོ་འགུལ་ཐེབས་པ་ལྟ་བུ་བྱུང༌བས་ལམ་སེང་གུས་མོའི་ཟིན་བྲིས་དོ་རྭའི་སྟེང་བཞག་པ་ཡིན། ཟིན་བྲིས་དོ་རྭར་ལྟ་མཁན་ཚོས་གསལ་པོ་མ་ཤེས་པའི་དབང་གིས་རིམ་པས་བརྗེད་མི་ཡོང་ངམ་སྙམ་ནས་སྐར་མ་བཅོ་ལྔ་འདིའི་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཁག་ནས་སྤེལ་བའི་ཡིག་ཐོག་གི་གནས་ཚུལ་ཁག་གཅིག་འདེམས་ནས་བཞག་པ་ཡིན་ལ། ད་དུང་སྐབས་དེ་དུས་རྒྱབ་པའི་གསར་འགྱུར་གྱི་པས་རིས་བཅུ་བཞག་ཡོད་པ་འདི་རྣམས་ཚང་མ་ནི་དེའི་སྐབས་དྲ་རྒྱའི་ཐོག་ནས་ཕབ་ལེན་བྱས་པ་དང་ད་ལྟ་བར་གུས་མོའི་རིག་མཛོད་འཕྲུལ་སྤྱད་དམ་ཡང་ན་གློག་ཀླད་ཐོག་ཉར་ཚགས་བྱས་ནས་ཡོད། དུས་དེར་ལེན་པའི་པར་རིས་གསར་འགྱུར་བཅུ་པོ་འདི་རྣམས་ལ་ད་དུང་གཡོ་འགུལ་དྲག་པོ་ཐེབས་ཐུབ་པའི་ནུས་པ་ཞིག་ལྡན་ཡོད་པ་དང་འདི་ནི་མི་སྣ་ངོ་མ་དང་ས་གནས་དེ་རང༌ལ་མངོན་སུམ་དུ་ཐོན་ཤ་སྟག་ཡིན་པས་པར་རིས་གསར་འགྱུར་འདིར་དངོས་ཡོད་ཀྱི་རང་བཞིན་ལྡན་པ་དང་སྐབས་འཕྲལ་གྱི་རང་བཞིན་ལྡན་པ་ཞིག་ཡོད་རུང༌། དུས་དང་གནས་ཚུལ་འགྱུར་བདེ་པོ་ཞིག་ཡོད་པས་མི་ཚོས་རིམ་པས་བརྗེད་འགྲོ་ཡི་རེད་ལ། དེ་བས་རྟག་ཏུ་ཡུད་ཙམ་ལ་མིག་ལམ་ནས་མེད་པ་ཆགས་ཀྱི་ཡོད། གནས་ཚུལ་འདི་དང་འབྲེལ་བ་ཆགས་པའི་མི་ཚོའི་སེམས་ནང་གསལ་པོ་ཞིག་གནས་ཐུབ་རྒྱུ་ལས་མེད་པ་རེད། ཐ་ན་ཕྱི་རྒྱལ་གྱི་གསར་འགོད་པ་འདི་ཚོས་ཚང་མས་དོ་སྣང་བྱེད་པའི་སྐབས་དེར་ཐབས་བརྒྱ་ཇུས་སྟོང་གི་གོ་ནས་Tibet(བོད་)ཀྱི་སྐབས་དོན་དང་འབྲེལ་བ་ཆགས་པའི་གནས་ཚུལ་ཡོད་ཚད་ཤེས་འདོད་བྱས་ཡོད་རུང༌། ད་ལྟ་དུས་ཚོད་འདིར་རིམ་པས་དོ་སྣང་བྱེད་ཡུལ་ལ་འགྱུར་བ་ཕྱིན་ཡོད། སྐབས་དེ་དུས་ཁོང་ཚོ་ཡང་གནས་ཚུལ་ཐོན་ཡུལ་དུ་ཡོད་པའི་གལ་ཆེའི་མི་སྣ་ཆགས་ཡོད་པ་རེད། ཡང་ཁོང་ཚོ་ས་གནས་དེ་རང་ལ་ཡོད་པའི་དབང་གིས་སྐར་མ་བཅོ་ལྔ་འདི་ཐོན་ཡོད་པ་རེད། དེས་མིན་ན་སྐར་མ་བཅོ་ལྔ་འདི་འདྲ་ག་ཚོད་ཐོན་ཡོད་རུང་ཚང་མ་མི་ཚོས་ཤེས་རྟོགས་མ་བྱུང་བའི་མུན་ནག་ནང་ལྷུང་ནས་བསྡད་རྒྱུ་རང་རེད། སྟབས་ལེགས་པ་ཞིག་ལ་སྒྱུ་རྩལ་ནི་གཞན་དང་འདྲ་ཐབས་མེད་པས་སྒྱུ་རྩལ་གྱི་ཐབས་ལམ་ཐོག་ནས་པར་རིས་གསར་འགྱུར་གྱི་སྐར་མ་བཅོ་ལྔ་འདི་བསྐྱར་དུ་སོན་ཐུབ་པ་བྱུང་བ་དང་བསྐྱར་དུ་ཐོན་པ་ཞིག་ཀྱང་ཡིན་པ་རེད་ལ། དེ་སྔ་བྱུང་མྱོང་མེད་པའི་འགྲེལ་བཤད་དང་གསལ་བཤད་ཞིག་ཆགས་ཡོད། དེ་ལས་ལྡོག་སྟེ་ཡུན་རིང་གནས་ཐུབ་པའི་རང་བཞིན་ལྡན་ཡོད་པ་དང་ཉུང་ཐར་ཡང་མི་མང་པོའི་སེམས་ནང་བག་ཆགས་གཟབ་མོ་ཞིག་ཡོང་རྒྱུ་རེད།
དེ་དུས་བློ་བཟང་རྒྱ་མཚོ་ལགས་ཀྱི་Tibet(བོད་)ཀྱི་གཟུགས་བརྙན་བཅུ་གཉིས་འདི་རྣམས་གུས་མོའི་ཟིན་བྲིས་དོ་རྭའི་སྟེང་ཕབ་ལེན་གྱིས་བཞག་པའི་སྐབས་གནས་ཚུལ་འདི་འདྲ་ཞིག་མཐོང་བྱུང་བ་སྟེ། Jokhang #4 དང་ Jokhang #5 གཉིས་གཅིག་པ་ལྟ་བུ་མཐོང་བྱུང༌། ཡང་ནས་བསྐྱར་དུ་ཕན་ཚུན་བསྡུར་བ་དང་བློ་བཟང་རྒྱ་མཚོ་ལགས་ནས་པར་རིས་གཅིག་པ་འདི་བསྐྱར་དུ་འདིར་བཞག་པ་མིན་ནམ་སྙམ་ནས་ངས་དོགས་འདྲི་འདིའི་ཐོག་ཁོང་ལ་བཀའ་འདྲི་ཞུ་ཐབས་བྱས་པ་ཡིན། བློ་བཟང་རྒྱ་མཚོ་ལགས་ནས་ལམ་སེང་གུས་མོར་ལན་འདེབས་གནང་དོན་ལ་ཏག་ཏག་པར་རིས་གཅིག་པ་གཅིག་བཞག་ཡོད་པ་འདི་ནོར་བཅོས་གནང་ཟིན་པ་གསུང་བྱུང༌། དེར་རྟེན་གུས་མོས་བསྐྱར་དུ་ཁོང་གི་དྲ་རྒྱའི་སྟེང་ནས་ Jokhang #4 པར་རིས་གསར་པ་འདི་ཕབ་ལེན་བྱས་པ་དེ་ཞལ་རས་ཀྱི་ཟུར་ཞིག་རེད་འདུག པར་རིས་གསར་འགྱུར་ནང་ནས་ཐོག་མའི་བཟོ་ལྟ་འདི་འཚལ་ཐུབ་བྱུང༌། དེ་རྗེས་གུས་མོའི་ཟིན་བྲིས་དོ་རྭའི་ནང་ལ་ཡང་སྒྱུར་བ་བཏང་བ་ཡིན། ཡིན་ནའི་ཉིན་གསུམ་གྱི་རྗེས་ཟླ་༡༠ཚེས་༩ཉིན་བློ་བཟང་རྒྱ་མཚོ་ལགས་ནས་གུས་མོར་ལན་ཞིག་བཞག་ཡོད་པའི་ནང་ཁོང་གིས་རི་མོ་གསར་པ་ཞིག་བྲིས་ནས་ Jokhang #4 འདི་བརྗེ་པོ་རྒྱབ་ཡོད་པ་དང་མ་དཔེ་འདི་གུས་མོའི་ཟིན་བྲིས་དོ་རྭའི་སྟེང་བཞག་པའི་པར་རིས་གསར་འགྱུར་བཅུ་པོའི་ནང་ནས་ལེན་ཡོད་པ་གསུང་བཞག img_0093 ཡང་གུས་མོས་ལམ་སེང་ཁོང་གི་དྲ་རྒྱ་ཁ་ཕྱེ་པ་དང་ཏག་ཏག་རེད་བཞག རི་མོ་གསར་པ་འདི་Jokhang(གཙུག་ལག་ཁང་)ནང་གུས་མོ་དང་མཇལ་བའི་མིག་ལ་མིག་ཆུས་ཁེངས་ཞིང་ཕན་ཚུན་བཀའ་མོལ་ཞུ་མི་ཐུབ་པའི་དགེ་འདུན་པ་ཁོང་རང་རེད་འདུག དེར་རྟེན་ཡང་ངས་གུས་མོའི་ཟིན་བྲིས་དོ་རྭར་བསྐྱར་དུ་སྒྱུར་བ་གཅིག་བཏང་བ་ཡིན།
རང་ཉིད་འདི་ལྟ་བུའི་ཕན་ཚུན་གཞོགས་འདེགས་བྱས་པའི་ནང་ཞུགས་ཐུབ་པ་འདིར་དགའ་ཞིང་བློ་བདེ་པོ་ཞིག་ཡོང་གི་འདུག མི་རིང་བའི་སྔོན་གུས་མོས་འདི་འདྲ་ཞིག་བྲིས་མྱོང་ཡོད།
འདི་ནི་༣.༡༤རྗེས་ལ་གུས་མོ་ལྷ་སར་ཕྱིར་ལོག་བྱས་པ་ཐོག་མ་འདི་ཡིན། འདི་ནི་༣.༡༤རྗེས་དུས་ཡུན་ཟླ་བ་ལྔ་ཕྱིན་ཡོད་པ་དང་ལྷ་སར་མཐའ་སྐོར་ནས་ཡོད་པའི་རི་ཚོགས་ལ་ལྷ་སའི་བཟོ་དབྱིབས་འདི་ལྡན་ཡོད་པ་གུས་མོས་བསྐྱར་དུ་མཐོང་བྱུང་ལ། ལྷ་སའི་ཁ་རླུང་ནང་འཛུལ་སྐབས་བསྐྱར་དུ་ལྷ་སའི་དྲི་མ་འདི་བྲོ་བྱུང༌། ཡང་འགྲན་ཟླ་བྲལ་བའི་ལྷ་སའི་ཁ་སྐད་འདིར་ལྡན་པའི་ལྷ་སའི་སྐད་གདངས་འདི་བསྐྱར་དུ་ཐོས་བྱུང་བས་གུས་མོས་ལྷ་སར་འདི་ལྟ་བུའི་བརྩེ་སེམས་ཞིག་བཅངས་ནས་ཡོད། ལྷ་སར་ཕྱིར་ལོག་བྱེད་ཐེངས་རེར་ཐམས་ཅད་ཀྱི་ཐམས་ཅད་དང་ཡོད་ཚད་ཀྱི་ཡོད་ཚད་ཚང་མ་ཤ་དང་པགས་པའི་ནང་ཐིམས་པ་དང་དེ་བས་གུས་མོའི་བླ་སྲོག་གི་གཏིང་ལ་ཐིམས་སོང་། ཡིན་ནའི་ལྷ་ས་ནི་ཉིན་རེ་བཞིན་གུས་མོས་བརྗོད་པར་དཀའ་བའི་འགྱུར་ལྡོག་ཞིག་ཕྱིན་ནས་རྟག་ཏུ་གུས་མོར་སོ་ན་བ་ལྟ་བུའི་འཚོར་སྣང་ཞིག་ཡོང་གི་འདུག སོ་ན་བ་ལྟ་བུའི་འཚོར་སྣང་ནི་བརྗོད་པར་དཀའ་བ་ཞིག་དང་ཉིན་ཞིག་ན་ཟུག་ཆེན་པོ་བྱུང་ནས་སྐད་ཆ་རྩ་བ་ནས་ཤོད་མི་ཐུབ་པ་ཡོང་མི་ཡོང་ངམ་སྙམ་པའི་གུས་མོར་སེམས་འཚབ་ཡང་ཡོང་གི་འདུག
གུས་མོར་བརྗོད་བཅུག་རོགས། གུས་མོ་ནི་ལྷ་སར་འདི་ལྟ་བུའི་བརྩེ་སེམས་བཅངས་ནས་ཡོད་པ་བརྗོད་རོགས། ལྷ་སར་ཉིན་རེ་བཞིན་རྩ་བརླག་ཏུ་འགྲོ་བཞིན་ཡོད་པ་དང་ལྷ་སར་ཉིན་རེ་བཞིན་གཏོར་ཕམ་ལ་འགྲོ་བ། ལྷ་སར་ཉིན་བཞིན་ལྷུང་འགྲོ་ཡི་ཡོད་པས་གུས་མོས་འཛམ་གླིང་མི་དམངས་དང་མི་རིགས་གཅིག་པའི་མི་དང་སྤུན་ཟླ། གུས་མོ་རང་ཉིད་བཅས་ལ་འདི་རྣམས་ཡོད་ཚད་ཐམས་ཅད་བརྗོད་བཅུག་རོགས། ཡིན་ནའི་འདི་ཡང་༣.༡༤རྗེས་ལ་གུས་མོ་བསྐྱར་དུ་ལྷ་སར་ཕྱིར་ལོག་བྱེད་པའི་སྐབས་སྙིང་ལ་སྙུག་མ་ཟུག་པ་ལྟ་བུའི་ཤེས་ཚོར་ཡོང་གི་འདུག ན་ནིང་ཟླ་བ་དགུ་པ་ནས་ད་ལྟ་བར་གྱི་དུས་ཡུན་འདིའི་རིང་གལ་འགངས་ཆེ་ཤོས་ཀྱི་སྐབས་ལ་གུས་མོ་འདིར་མེད་པ་དང་འདིར་མེད་པའི་དབང་གིས་གུས་མོ་འབྲེལ་བ་མེད་པ་ཞིག་ལ་འགྱུར་ཡོད། འདིར་མེད་པའི་དབང་གིས་ཡང་ངས་གནས་ཚུལ་ཐོན་ཡུལ་གྱི་མི་ཚོའི་དྲན་ཤེས་དང་ཁོང་ཚོས་བརྗོད་པ་འདི་རྣམས་ལ་སྐྱབས་མ་བཅོལ་རང་བཅོལ་རེད་བཞག འདིར་ཡོད་མཁན་གྱི་མི་ཚོ་གུས་མོས་དུས་རྒྱུན་བློ་གཏད་བཅོལ་ཡུལ་ཞིག་ཡིན་པ་དང་ཁོང་ཚོའི་ཚིག་གི་ཐོག་ནས་འགེབས་སུབ་དང་རྫུན་བཟོ་བྱས་པའི་དངོས་ཡོད་གནས་ཚུལ་འདི་རྣམས་སྟོན་ཐུབ་ཀྱི་ཡོད་རུང་གུས་མོར་འདོད་པ་མི་ཚིམ་པའི་ཚོར་བ་ཟབ་མོ་ཞིག་ཡོང་གི་འདུག་པ་མ་ཟད། ད་དུང་ཐ་ན་ངོ་ཚ་པོ་ཡོང་གི་འདུག གུས་མོས་ཚོར་སྣང་སྣ་ཚོགས་ཡིད་ལ་འཁོར་བའི་ཐོག་ནས་ལྷ་སར་ཕྱིར་ལོག་བྱས་པ་ཡིན།
ཡང་ད་ལྟ་ཕན་ཚུན་གཞོགས་འདེགས་ཞིག་བྱུང་བའི་ཁྲོད་ནས་བརྗོད་རིན་མེད་པའི་མཉམ་ཞུགས་འདི་འདྲ་གཅིག་བྱེད་ཐུབ་པའི་དབང་གིས་དངངས་འཚབ་ཡོང་མཁན་ནི་གུས་མོ་རང་ཉིད་ཡིན་པ་ལྟ་བུ་འདུག དེའི་ཁྲོད་ནས་སེམས་ནང་མདུད་པ་ཐེབས་པའི་གནད་དོན་ཞིག་ཐག་གཅོད་བྱེད་ཐུབ་པ་ལྟ་བུ་བྱུང༌། མ་ཆད་པར་མཉམ་ཞུགས་བྱེད་ཐུབ་པ་འདི་བདེ་བ་ཞིག་དང་རང་ཉིད་ལ་སེམས་གསོ་བྱེད་རིན་ཆོག་པ་ཞིག་དང་རང་ཉིད་ཀྱི་སེམས་བདེ་པོ་ཞིག་ཡོང་གི་འདུག གུས་མོའི་བསམ་པར་ཡང་བློ་བཟང་རྒྱ་མཚོ་ལགས་ཀྱང་འདིར་ལྟར་ཡིན་སྲིད། དེའི་སྔོན་ལ་རབ་མཛེས་ཡིད་དབང་འཕྲོག་པའི་རི་མོ་དང་དེའི་རྗེས་ལ་རྩ་བ་ནས་གཅིག་པ་མ་ཡིན་པའི་འཇིགས་སྣང་གི་ཧང་སང་དགོས་པའི་དཀར་ནག་གི་གཟུགས་བརྙན་བཅུ་གཉིས་ཐོན་ཡོད་པ་འདི་མཉམ་ཞུགས་བྱེད་སྟངས་མི་འདྲ་བ་གཉིས་ཡིན་པ་སྟེ་གཅིག་ནི་སྔོན་ཆད་ཀྱི་གནས་ཚུལ་དང་གཅིག་ནི་ད་ལྟའི་དངོས་ཡོད་གནས་ཚུལ་ཡིན་པ་རེད། དོན་སྙིང་འདིའི་ཐོག་ནས་འདས་པ་དང་ད་ལྟའི་དུས་ཚོད་ཚང་མའི་ནང་ཁོང་ནི་བདེ་སྐྱིད་དང་ལྡན་པའི་མི་ཞིག་ཡིན་པ་རེད།
* * *
ད་ལྟ་བར་ཕན་ཚུན་གཞོགས་འདེགས་མུ་མཐུད་བྱེད་བཞིན་ཡོད་པ་དང་Sushan Chen ནས་གུས་མོའི་རྩོམ་ཡིག་འདི་དབྱིན་ཡིག་ཐོག་ཕབ་སྒྱུར་བྱེད་རྒྱུའི་མོས་མཐུན་གནང་སོང༌། ཐེ་ཝན་ནས་ཡིན་པའི་ Sushanནི་ཐག་རིང་ཨ་རིར་ཡོད་པའི་གུས་མོའི་གྲོགས་མོ་གཅིག་ཡིན་པ་དང་ལོ་མང་རིང་དེང་དུས་བོད་པའི་རིག་གཞུང་དང་སྤྱི་ཚོགས་ལ་ལྟ་ཞིབ་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པ་རེད། ཉིན་ཤས་སྔོན་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གཉིས་མཇལ་བའི་སྐབས་གཟུགས་བརྙན་བཅུ་གཉིས་ལ་Signs from Tibet ཟེར་མིང་བཏགས་རྒྱུའི་བཀའ་མོལ་བྱུང་བཞག བློ་བཟང་རྒྱ་མཚོ་ལགས་ནས་གསུང་པར་ Signs ཟེར་བ་འདིའི་དོན་སྙིང་ནི་རྟགས་ལ་གོ་ཡི་ཡོད་པ་དང་གཞུང་ལམ་ཐོག་གི་ལམ་སྟོན་རྟགས་དང་ལམ་བཞི་མདོ་ཁའི་རྟགས། དེ་བཞིན་ལམ་གཟར་པོའི་ཡོད་པའི་རྟགས་སོགས་དང་འདྲ་བར་རྨོངས་གཉིད་ལས་བསད་པའི་ནུས་པ་གཅིག་ཐོན་གྱི་ཡོད། ཡང་གཟུགས་བརྙན་བཅུ་གཉིས་འདི་རྣམས་ནི་དམིགས་བསལ་གཏན་འཁེལ་བྱུང་བའི་དུས་ཚོད་ཡིན་པ་སྟེ། འདི་ལོ་ཟླ་བ་གསུམ་པ་ནས་བཟུང་དཔྱིད་གྲངས་ཕྲན་བུ་ལྡན་པའི་སྐབས་ཡིན་པ་རེད་ལ། དམིགས་བསལ་གྱི་ཡུལ་ཏེ་ལྷ་ས་གཅིག་པོར་མ་ཡིན་པར་མདོ་དབུས་ཁམས་གསུམ་ཚུད་ཡོད་པ་འདི་༡༩༥༩ལོའི་རྗེས་རྩ་བ་ནས་བྱུང་མྱོང་མེད་པ་གསལ་པོ་རེད། བོད་ས་ཡོངས་ནང་འཛམ་གླིང་གི་སྐྱེ་བོ་ཀུན་ཧ་ལས་ཧང་སང་བའི་ངོ་རྒོལ་གྱི་ལས་འགུལ་ཐོན་ཡོད་པས་དེར་རྟེན་དེ་བས་ཉེན་བརྡ་ཞིག་གི་དོན་སྙིང་ཡང་ལྡན་ཡོད།
བློ་བཟང་རྒྱ་མཚོ་ལགས་ནས་ད་དུང་རི་མོ་འདི་རྣམས་གསར་གཏོད་གནང་བའི་བསམ་དོན་སྐོར་ལ་འགྲེལ་བརྗོད་གནང་དོན་དུ་མུ་འབྲེལ་ནས་ཡོད་པའི་གཟུགས་བརྙན་རེ་རེ་བཞིན་ཚང་མ་ཚགས་ཐིག་རེ་རེའི་ཁྲོད་ནས་ལེན་པ་ཞིག་དང་གློག་ཀླད་ཐོག་བསྐྱར་དུ་བཟོ་བཅོས་བྱས་པ་དང་ཚོས་གཞི་བཏང་ནས་རིམ་པས་བཟོས་པ་ཞིག་ཡིན་པ་རེད་འདུག དེའི་རྗེས་ཡང་དྲ་བ་ལྟ་བུའི་ཐབས་ལམ་ཐོག་ནས་ཧ་ཡངས་སྟེང་པར་རྒྱབ་ཡོད། རིམ་པ་འདིའི་ལག་རྩལ་འདི་རྣམས་དུས་རྒྱུན་ཆེད་མངགས་འགྲིམ་འགྲུལ་གྱི་ལམ་སྟོན་རྟགས་དང་ཁྱབ་བསྒྲགས་ཡང་ན་སྤྱི་པས་ལྟ་སའི་ནག་པང་ལྟ་བུ་བཟོ་སའི་བཟོ་གྲ་ཞིག་ལ་སྤྲད་ནས་བཟོ་བཅུག་པ་ཡིན། ཁོང་ཚོས་གཟུགས་བརྙན་འདི་ཚོའི་ནང་དོན་གང་ཡང་ཤེས་ཀྱི་མེད་པ་རེད་ལ། སྒྱུ་རྩལ་དེ་རིགས་བཟོ་སྐྲུན་བྱས་པའི་ཉམས་མྱོང་ཡང་མེད་པ་རེད་ཅེས་གསུང་གི་འདུག གདོང་རིས་འདི་གཉིས་ཐོག་ནས་ཞུས་ན། གསར་འགྱུར་གྱི་པར་པས་རྟག་ཏུ་པར་ལེན་སའི་ཁ་གཏད་དང་ལྟས་མོ་ལྟ་མཁན་དབར་བར་ཐག་བཞག་པའི་ཐོག་བཏང་འཛིན་ཞིག་ཡོད་པ་དང་དེའི་ནང་གི་གཅིག་ནི་པར་ལེན་སའི་གཟུགས་བརྙན་འདི་རྟག་ཏུ་པར་ཆས་ཀྱིས་བར་ཐག་བཟོས་པའི་གཏན་འཁེལ་བའི་འཁོར་རྒྱ་གཅིག་ནང་བཅུག་གི་ཡོད། གཉིས་པ་ནི་པར་ཆས་ལ་པར་ལེན་སའི་འཁོར་རྒྱ་འདིའི་ནང་བརྗོད་གཞི་གཙོ་བོ་འདི་དང་དེའི་མཉམ་དུ་ཡོད་པའི་ཞིབ་ཕྲའི་ཁོར་ཡུག་འདི་ཁ་བྲལ་ཐུབ་པའི་ནུས་པ་ལྡན་མེད་པ་རེད། གཟིགས་མོ་བ་ཚོས་སྒྲུང་འདི་ལྟས་པ་དང་དུས་མཚུངས་རྟག་ཏུ་དེའི་གཡས་གཡོན་ལ་ཡོད་པའི་ཡན་ལག་ཆུང་ངུར་དོ་སྣང་བྱེད་ས་བྱེད་ཐལ་འགྲོ་ཡི་ཡོད། རི་མོ་འདིའི་ཁྲོད་བསྐྱར་དུ་རྩིས་ཀྱི་ཐོག་ནས་ཚགས་ཐིག་གི་པར་ལེན་པ་བརྒྱུད་ངའི་རེ་བར་གསར་འགྱུར་འགོད་མཁན་གྱི་པར་པས་ལེན་པའི་སྐྱོན་ཆ་འདི་རྣམས་འགོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། གཟུགས་བརྙན་འདི་ཚོ་དང་དོན་རྐྱེན་ནང་གི་སེམས་ཤུགས་དང་གནས་ཚུལ་ཞིབ་བརྗོད་བྱས་པ་འདི་གཉིས་ཁ་ཕྲལ་ཐུབ་པ་བྱས་ནས་གཟུགས་བརྙན་དེ་རང་གི་ནུས་ཤུགས་དང་ཕྱོགས་ཀུན་གྱི་རང་བཞིན་འདི་གསལ་པོ་ཞིག་ཆགས་ཐུབ་པའི་རེ་བ་གནང་གི་ཡོད་པ་གསུང་བྱུང༌།
བརྙན་པར་ལེན་པའི་གཟུགས་བརྙན་གྱི་ཁྲོད་ནས་སྒྱུ་རྩལ་གྱི་གཟུགས་བརྙན་ལ་སྒྱུར་ཐུབ་པ་འདི་སྟབས་བདེ་བྱས་ནས་ཞུས་ན། གསར་འགྱུར་བརྒྱུད་ལམ་ཟུར་དུ་ཕུད་པའི་རྒྱུད་རིམ་ཞིག་ཡིན་པ་རེད། གུས་མོའི་ངོས་ནས་ཞུས་ན། རི་མོ་འདིར་ Jokhang (གཙུག་ལག་ཁང་)དང་Labrang (བླ་བྲང་)ས་གནས་གཉིས་ཀྱི་མིང་འགོ་བརྗོད་ལ་བེད་སྤྱོད་གནང་བའི་སྐབས་སྒྱུ་རྩལ་གྱི་གཟུགས་བརྙན་རེ་རེ་ཡིས་གུས་མོ་སྐབས་དེ་དུས་ཀྱི་དོན་རྐྱེན་འདིའི་ནང་ཁྲིད་པ་མ་ཟད། ད་དུང་དེ་ལས་མང་བའི་དགའ་སྐྱོ་གཉིས་ལྡན་གྱི་སྔོན་མའི་གནས་ཚུལ་མང་པོ་ཞིག་དྲན་བྱུང་བ་དང་ལྷག་པར་དུ་ས་གནས་འདི་གཉིས་ཀྱི་མིང་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་པ་ཞིག་ཚོར་བྱུང༌། གལ་ཏེ་ས་གནས་འདི་གཉིས་མེད་ན། #1 ནས་ #6 བར་ཡིན་པ་ལས་དངོས་ཟོག་ཀྱི་ཨང་གྲངས་ཙམ་ཡིན་པས་སྐད་སྒྲ་མེད་པར་འཇམ་ཐིང་ངེར་གནས་པའི་གནས་སྟངས་ཞིག་དང་འདྲ་པོ་ཆགས་ཀྱི་མ་རེད་དམ། སྒྱུ་རྩལ་པས་སྐྱོན་ཆ་འགེབས་སྲུང་དཀའ་བའི་ངོས་འཛིན་དང་བརྩེ་དུང༌། ལངས་ཕྱོགས་སོགས་Jokhang (གཙུག་ལག་ཁང་)དང་Labrang (བླ་བྲང་)ས་གནས་གཉིས་ཀྱི་མིང་ཐོག་ནས་སྦས་གསང་མེད་པར་གསལ་པོ་སྟོན་ཡོད། འདི་ནི་གུས་མོར་སེམས་འགུལ་ཐེབས་ནས་རང་དབང་མེད་པར་རྩོམ་ཡིག་འདི་བྲིས་དགོས་པའི་རྒྱུ་མཚན་ཡང་འདི་ཡིན།
* * *
ཟླ་བ་བཅུ་པའི་ཚེས་གཅིག་ཉིན་དབྱིན་ཡུལ་གྱི་ཚགས་པར་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་གནས་ཚུལ་གཅིག་སྤེལ་ཡོད་པ་རེད། དེའི་སྔོན་ཙམ་ལ་ཚགས་པར་དེའི་གསར་འགོད་པ་ལྷ་སར་སྐྱོད་ནས་བོད་རང་སྐྱོང་ལྗོངས་ཆོས་དོན་ལས་ཁུངས་ཀྱི་འགོ་ཁྲིད་བྱང་ཆུབ་ཚེ་དབང་ལ་བཅར་འདྲི་ཞུ་སྐབས་གཙུག་ལག་ཁང་གི་དགེ་འདུན་པ་སུམ་བཅུ་ལྷག་ཙམ་ཡོད་པ་ཁོང་རྣམས་གང་འདྲ་ཡོད་དམ། ཟླ་བ་གསུམ་པའི་ནང་ཁོང་ཚོས་འདིར་སྐྱོད་མཁན་གྱི་གསར་འགོད་པའི་འགྲོ་ལམ་བཀག་སྟེ་ཆོས་དད་རང་མོས་མེད་པ་བརྗོད་ཡོད་པས་རྒྱལ་སྤྱིའི་གསར་ཤོག་ཁག་གི་གསར་འགྱུར་གལ་ཆེ་ཤོས་འདི་ཆགས་ཡོད་པ་རེད། ཡིན་ནའི་འགན་འཛིན་བྱང་ཆུབ་ཚེ་རིང་གིས་ཁས་རྩ་བ་ནས་མི་ལེན་པར་ཁོང་གིས་གཙུག་ལག་ཁང་ལ་གནས་ཚུལ་འདི་འདྲ་ཐོན་ཡོད་པ་རྩ་བ་ནས་ཤེས་མ་བྱུང་ཅེས་བརྗོད་ཡོད་པ་མ་ཟད། ད་དུང་དགོན་པའི་དགེ་འདུན་པ་ཚོས་སྲིད་གཞུང་གི་སྲིད་ཇུས་དང་ལྟ་རྟོགས་བྱས་པ་འདིར་འདོད་བློ་ཧ་ཅང་ཁེངས་པོ་དང་བཀའ་དྲིན་བསམ་ཤེས་བྱེད་ཀྱི་ཡོད་ཅེས་ལན་འདེབས་བྱས་ཡོད།
རེད། ཟླ་༣ཚེས་༢༧ནས་ད་ལྟ་བར་ལོ་ཕྱེད་ལྷག་ཙམ་ལས་སོང་མེད་ན་ཡང་བོད་ཀྱི་དགོན་སྡེ་ཚང་མ་དབང་འཛིན་བྱེད་མཁན་གྱི་དཔོན་རིགས་མཐོ་ཤོས་འདིས་སྐར་མ་བཅོ་ལྔ་འདི་ཁས་ལེན་བྱེད་ཀྱི་མེད་པ་རེད། ཁོ་པས་རྫུན་བཤད་ཀྱི་ཡོད་པ་གུས་མོས་ཡིད་ཆེས་ཡོད། ཡིན་ནའི་རྫུན་གཏམ་འདི་གླེན་རྟགས་དོད་པོ་དང་སེམས་པ་འགུལ་ནས་དབུགས་རིང་མ་བཏང་རང་བཏང་བཟོ་ཡི་འདུག འགོ་ཁྲིད་འདིར་ཧང་སང་གི་འདུག ཕག་པའི་དོད་བློ་ཁེངས་པོ་དང་ཕག་པའི་བཀའ་དྲིན་སེམས་བཅངས་འདི་ཁོ་པར་དབང་གི་ཡོད། ཁོ་པས་རེ་འདོད་བྱེད་ཡག་འདི་ཕག་པའི་འཚོ་གནས་ཀྱི་ཐོབ་ཐང་འདི་ཡིན་པ་རེད།
ཡིན་ནའི་ཁོ་པའི་ཁྱད་ཆོས་ཆེ་ཤོས་ནི་རྫུན་གཏམ་སྟོང་བཤད་བྱས་ན་ངོ་མར་འགྱུར་ཟེར་བ་དང་མཚུངས་ཀྱི་ཡོད། ཁོང་ཚོས་ཟླ་༦ཚེས་༣ཉིན་ནས་ཧོང་ཀོང་དང་ཨའོ་མེན། ཐེ་ཝན་གྱི་གསར་འགོད་པ་ཁག་གཅིག་Jokhang(གཙུག་ལག་ཁང་)ལ་སྐྱོད་པའི་སྐབས་གསར་འགོད་པ་ཚོ་དང་དགེ་འདུན་པ་སུམ་བཅུ་ལྷག་ཙམ་ཡོད་པའི་ནང་གི་སྐུ་ཞབས་ནོར་རྒྱས་(སྐར་མ་བཅོ་ལྔའི་དགེ་འདུན་པའི་མཚན་ཐོན་པ་ཐོག་མ་ཡིན་ས་རེད།)དབར་མཇལ་འཕྲད་ཀྱི་དུས་ཚོད་ཆེད་མངགས་བཟོས་ཡོད། ཡིན་ནའི་ད་ཐེངས་ཁོང་གི་གསུང་པའི་སྐད་ཆ་ནི་ཁྱད་པར་ཆེན་པོ་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ནོར་རྒྱས་ནས་བརྗོད་དོན་ལ། སྐབས་དེ་དུས་ཕྱི་ཕྱོགས་ཀྱི་དཀྲོག་གཏམ་ལ་ཉན་པ་དང་རྗེས་ལ་གཞི་ནས་འདི་བདེན་པ་མིན་པ་ཤེས་ཏེ་འགྱོད་པ་སྐྱེས་བྱུང་ཅེས་དང༌། ད་དུང་གནས་ཚུལ་སྤེལ་བར། ཁོང་ལ་བཅར་འདྲི་ཞུས་པའི་སྐབས་རྣམ་འགྱུར་མཚམས་རེ་སེམས་འགུལ་ཐེབས་པ་དང་ཡང་སེ་མགོ་བོ་སྒུར་སྒུར་བྱེད་ཀྱི་འདུག་ཟེར་བའི་ཡི་གེ་མཐོང་དུས་དངོས་གནས་སྙིང་གྲིས་བཅད་པ་ལྟ་བུ་ཡོང་གི་འདུག
དངོས་གནས་བྱས་ན་དེ་ཕྱི་གྲགས་པ་རེད། ཁོང་ཚོས་སྔ་རྒྱུན་ནང་ལྟར་གོམ་སྟབས་རེ་རེ་བཞིན་བཙན་འདེད་བྱེད་ཀྱི་ཡོད་རུང༌། ཕྱོགས་གཞན་ཞིག་ནས་ཞུས་ན། ཁོང་ཚོས་ཀྱང་དེ་མིན་གྱི་ཐབས་ལམ་གཅིག་གི་ཐོག་ནས་དེ་མིན་གྱི་ཚོད་འཛིན་ཞིག་གི་ཐོག་སྐྱོད་ཡོད་པ་མ་རེད་དམ། ཁྱོན་ཡོངས་ཀྱི་དོན་རྐྱེན་ནང་དོན་དངོས་ཐོག་འགོ་ཁྲིད་འདི་དང་དེ་བཞིན་ཁོ་པོ་དང་འདྲ་བའི་ཆེ་ཆུང་ལ་མ་ལྟོས་པའི་དཔོན་རིགས་འདི་ཚོ། ཡང་གདོང་རིས་སྣ་ཚོགས་དང་གནས་སྟངས་མི་འདྲ་བའི་མི་རིགས་ཁག་གི་དཔོན་རིགས་འདི་ཚོ་ཚང་མ་ཆེས་ཀླ་ཀློའི་རྩུབ་སྤྱོད་ལྡན་པའི་སྟོབས་ཤུགས་འདིར་འཛོམས་པ་ཞིག་མ་རེད་དམ། འདི་ལྟ་བུའི་གནས་ཚུལ་མཐོང་མཁན་ཚོར་ཡང་ནན་འཛིན་དཔང་ཉར་བྱེད་དགོས་ཀྱི་ཡོད་པ་མ་རེད་དམ། ཁོང་ཚོ་དང་ཁོང་ཚོའི་རྫུན་གཏམ་འདི་རྣམས་དྲ་བ་ལྟ་བུའི་ཚགས་ཐིག་གི་ཧ་ཡངས་སྟེང་པར་རྒྱབ་སྟེ་ཚང་མས་ཤེས་ཐུབ་པ་དང་ཀུན་ལ་ཁྱབ་ཐུབ་པ་དགོས་ཀྱི་ཡོད་པ་མ་རེད་དམ། ཡིན་ནའི་འདི་ཟུར་ཟའི་རི་མོའི་རྣམ་པའི་ཐོག་ནས་སྟོན་ན་སྟབས་བདེ་བ་ཡོད་པ་མིན་ནམ། ཁོང་ཚོའི་རྣམ་པ་འདི་བཞད་གད་སློང་མཁན་གྱི་ཨ་ཙ་ར་ཧ་ཅང་གི་འདྲ་པོ་འདུག འདི་ངོ་ཚ་གཏན་ནས་མེད་པའི་ཨ་ཙ་ར་ནང་བཞིན་རེད་འདུག
ཁས་ལེན་བྱེད་ཀྱི་མ་རེད། གང་འདྲ་བྱས་ནས་ཁས་ལེན་མ་བྱས་པ་ཡིན་ནའི་བཤོས་པའི་ཆུ་དེ་ལེན་ཐབས་མེད་པ་རེད། གང་ཡིན་ཞུས་ན། ཚང་མ་འགྱུར་བ་ཕྱིན་ཡོད་ལ། ཁྱོན་ཡོངས་ནས་འགྱུར་བ་ཕྱིན་ཡོད། འཇིགས་སུ་རུང་བའི་མཛེས་པོ་ཞིག་གསར་དུ་ཐོན་ཡོད། གང་ཡིན་ཞུས་ན། གང་བཤད་ཡོད་པ་དང་གང་བྱས་ཡོད་པ་འདིར་ལྟོས་མི་དགོས། ང་ཚོས་ཁོང་ཚོའི་རྨི་ལམ་འདི་གསལ་ཤེས་ཐུབ་བྱུང༌། ཡང་འདིའི་ཁྲོད་ཀྱི་ཁོང་ཚོ་ནི་Jokhang (གཙུག་ལག་ཁང་)དང་ Labrang (བླ་བྲང་)གི་དགེ་འདུན་པ་ཚོ་རེད་ལ། བློ་བཟང་རྒྱ་མཚོ་ལགས་ཀྱིས་གསར་གཏོད་གནང་བའི་བསྐྱར་དུ་ཐོན་པའི་Tibetan(བོད་པའི་)གཟུགས་བརྙན་བཅུ་གཉིས་འདི་རེད། ཡང་ཁོང་ཚོའི་རྨི་ལམ་འདི་ཡང་ང་ཚོའི་རྨི་ལམ་ཡིན་པ་རེད།
* * *img_01591
རྩོམ་ཡིག་འདི་མཇུག་བསྡུ་བའི་སྐབས་དེར་གུས་མོར་བློ་ཡུལ་ལས་འདས་པའི་ལག་རྟགས་གཅིག་རགས་བྱུང་བ་འདི་བློ་བཟང་རྒྱ་མཚོ་ལགས་ནས་གུས་མོར་དེའི་ནང་གི་བརྩམས་བྱ་ Jokhang #4 འདི་གནང་བྱུང༌། འདི་ནི་རིན་ཐང་བྲལ་བའི་ལག་རྟགས་ཞིག་མ་རེད་དམ། སྤྲོ་སྣང་དང་སེམས་འགུལ་ཐེབས་པ་ཕུད་གུས་མོས་བསམ་མནོ་ཕུགས་རིང་བཏང་བཞིན་ Jokhang #4འདི་ཨ་རི་སྟེ་རྒྱང་ཐག་རིང་ཞིང་བོད་པ་ཚོའི་ཁ་རྒྱུན་ནས་ཐོན་པའི་Rangwang Lungba (རང་དབང་ལུང་པ་)ནས་དེང་རབས་ཅན་གྱི་འགྲིམ་འགྲུལ་ཡོ་ཆས་རྒྱུད་ས་ཐག་རིང་པོ་ནས་བདེ་འཇགས་མེད་སའི་གུས་མོ་གནས་ཡུལ་པེ་ཅིང་ལ་བསྐུར་ཡོང་བ་དང་། ལྟ་དུས་གཟི་རྔམ་ཆེ་ཞིང་བརྗིད་ཉམས་ལྡན་པའི་གོང་མའི་གྲོང་ཁྱེར་འདི་གུས་མོའི་བཙན་བྱོལ་གྱི་ས་གནས་ཞིག་ཏུ་འགྱུར་བཞག དེ་རང་གི་ཐོག་ནས་ལྟ་ན་ཡང་བྱ་སྤྱོད་དངོས་ཐོག་གི་སྒྱུ་རྩལ་ཞིག་དང་འདྲ་པོ་ཆགས་ཡོད། ད་དུང་གཅིག་བྱས་ན་མི་རིང་བའི་ཉིན་ཞིག་གུས་མོས་ Jokhang #4འདི་འཁྱེར་ནས་བསྐྱར་དུ་ཕ་ཡུལ་ལྷ་སར་ཕྱིར་ལོག་ཡོང་སྲིད་ཀྱི་རེད་ལ། འཁོར་བ་དང་མི་རྟག་པའི་ Jokhang(ལྷ་ལྡན་གཙུག་ལག་ཁང་)ནང་ཕྱིར་ལོག་ཡོང་སྲིད་ཀྱི་རེད། འདིའི་ཁྲོད་ཤུགས་བསྟན་གོ་དོན་གཏིང་ཟབ་གང་འདྲ་ཞིག་ཚུད་ཡོད་དམ། གང་འཁྱེར་ནས་མཛེས་སྡུག་འདི་ཚུར་བརྗེ་ཐུབ་ཀྱི་རེད་དམ།༎
སྤྱི་ལོ་༢༠༠༨ལོའི་ཟླ་༡༠ཚེས་༡༣ནས་ཟླ་༡༡ཚེས་༡ལ་པེ་ཅིང་ནས།